ཨ་རིའི་མཐོ་སློབ་ཁག་ཏུ་རྒྱ་ནག་གིས་སིམ་འཛུལ་བྱེད་ཀྱིན་པའི་གནད་དོན་ལ་ཞིབ་འཇུག་གནང་འཆར་འདུག

རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཨ་རིའི་མཐོ་སློབ་ཁག་གི་ནང་རྒྱུ་དངོས་ཀྱི་འབྲེལ་བ་བཙུགས་ཏེ་ཆབ་སྲིད་དྲིལ་བསྒྲགས་དང་རིག་རྩལ་སྐུ་འཁྱེར་བྱེད་ཀྱི་ཡོད་པ་མ་ཟད་འཇིགས་སྐུལ་གཏོང་བའི་ལག་ཆ་ཞིག་ཏུ་སྤྱོད་བཞིན་པར་ཞིབ་འཇུག་གནང་འཆར་འདུགཨ་རྒྱ་གཉིས་བར་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་གཙོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྤྱིའི་ཐད་འགལ་ཟླ་ཆེན་པོ་འབྱུང་གི་ཡོད་པའི་སྐབས་འདིར། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Michael McCaul)ལགས་ཀྱི་གཙོས་ཕྱག་རོགས་དྲུག་གིས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཤེས་རིག་ལྷན་ཁང་ལ་བཏང་བའི་ཡི་གེའི་ནང་དུ། ཨ་རིའི་གཞུང་སྒེར་གཉིས་ཀྱི་མཐོ་སློབ་ཁག་གི་ནང་རྒྱ་ནག་གི་སྲིད་བྱུས་ལྡན་པའི་མ་འཛུགས་བྱས་པའི་གནད་དོན་ཐད་ཞིབ་འཇུག་དགོས་པའི་དགོས་འདུན་བཏོན་ཡོད་པ་མ་ཟད། ཤེས་རིག་ལྷན་ཁང་ནས་འབྲེལ་ཡོད་ཡིག་ཆ་ཚང་མ་མཁོ་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

དེའི་ཐད་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་(Michael McCaul)ལགས་ཀྱིས། ངས་དུས་ཡུན་རིང་པོ་ནས་རྒྱ་ནག་དམར་ཤོག་ཚོགས་པས་དམིགས་ཡུལ་ངན་པའི་ཐོག་ནས་ཨ་རིའི་སློབ་གསོའི་སྡེ་ཁག་ནང་སིམ་འཛུལ་དང་ཤུགས་རྐྱེན་སྤྲོད་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དེར་སེམས་འཚབ་བྱེད་ཀྱི་ཡོད། སིམ་འཛུལ་དེའི་ནང་ཨ་རིའི་ཁྱད་དུ་འཕགས་པའི་ལག་རྩལ་དང་ཐོན་སྐྱེད་རིག་རྩལ་རྐུ་འཁྱེར་བྱས་པ་རྣམས་ཚུད་ཡོད། ཨ་རིའི་གཞུང་ངོས་ནས་དུས་ཡུན་རིང་པོ་ནས་གནད་དོན་འདི་ཐེར་འདོན་བྱས་ཡོད་ནའང་། རྒྱ་ནག་གཞུང་ནས་མུ་མཐུད་ཏོག་དབྱིབས་རིམས་ནད་སྐོར་ལ་འཁྱོག་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་དང་ཨ་རིའི་མཐོ་སློབ་བར་གྱི་ཡོངས་ཁྱབ་མིན་པའི་དངུལ་དངོས་ཀྱི་འབྲེལ་བ་བེད་སྤྱད་དེ་འཇིགས་སྐུལ་ཉེན་བརྡ་གཏོང་གི་ཡོད་སྟབས། ཨ་རིའི་མཐོ་སློབ་ཁག་གིས་ངེས་པར་དུ་སྲིད་གཞུང་གི་ཆ་འཕྲིན་ཡོངས་ཁྱབ་ཀྱི་སྒྲིག་གཞིར་བརྩི་སྲུང་དང་། རྒྱ་ནག་བར་གྱི་འབྲེལ་བ་གསལ་འདོན་རྒྱུན་སྐྱོང་བྱས་པ་ཡིན་ན། ང་ཚོས་འཇིགས་སྐུལ་གནས་སྟངས་སྤྱི་ལ་རྒྱུས་ལོན་བྱེད་པར་ཕན་ནུས་འཐོན་རྒྱུ་ཡིན་སྟབས། ཨ་རིའི་གཞུང་ནས་མུ་མཐུད་གནད་དོན་གལ་ཆེན་འདིའི་ཐོག་མཉམ་འབྲེལ་རྒྱུན་སྐྱོང་བྱེད་པར་རེ་བ་རྒྱག་བཞིན་ཡོད་ཅེས་བརྗོད་འདུག

ཞིབ་འཇུག་སྙན་ཞུ་དེར་རྒྱབ་སྐྱོར་བྱེད་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས། རྒྱ་ནག་གཞུང་གིས་ཨ་རིའི་ནང་སྲིད་བྱུས་ལྡན་པའི་མ་འཛུགས་བྱས་ཏེ། ཨ་རིའི་མཐོ་སློབ་ཁག་ཏུ་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་ཐད་ང་ཚོས་སྔོན་མ་ནས་དོགས་ཟོན་བྱས་བསྡད་ཡོད་ལ། ད་རེས་སྙན་ཞུ་འདི་བརྒྱུད་ང་ཚོས་ཨ་རིའི་སློབ་གསོའི་ལམ་ལུགས་ནང་ཕྱིའི་གཡོ་བྱུས་ལྡན་པའི་མ་འཛུགས་ཐེར་འདོན་བྱས་མེད་པའི་རིགས་གསལ་རྟོགས་ཡོང་བར་རེ་བ་རྒྱག་གི་ཡོད། ཅེས་གསུངས་ཡོད་པ་དང་། ཁོང་ཚོས་ཨ་རིའི་ཤེས་རིག་ལྷན་ཁང་ནས་རྒྱ་ནག་གཞུང་དང་འབྲེལ་ཡོད་ཀྱི་སློབ་གསོའི་སྡེ་ཁག་ཚང་མར་ཞིབ་འཇུག་བྱེད་པར་རེ་བ་རྒྱག་གི་ཡོད་འདུག

ཡང་ཨ་རྒྱ་གཉིས་བར་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་དཀའ་རྙོག་རྩད་དེ་ཕྱོགས་གཉིས་ཀྱི་བར་འགལ་ཟླ་ཤུགས་ཆེན་བྱུང་གི་ཡོད་པ་གསལ་བོ་ཆགས་ཡོད་སྟབས།ད་རེས་སྙན་ཞུའི་ནང་དུའང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས།  རྒྱ་ནག་གིས་དེ་སྔོན་ནས་ཨ་རིའི་གསང་བའི་གནས་ཚུལ་དང་ཚད་མཐོའི་འཕྲུལ་རིག་སོགས་རྐུ་འཁྱེར་བྱས་ཡོད་པ་དང་། ད་ལྟ་རྒྱ་ནག་གིས་ཨ་རིའི་ནང་མ་འཛུགས་བྱས་པ་བརྒྱུད་ཨ་རིས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་འཚོལ་ཞིབ་བྱེད་པར་བཀག་འགོག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༠༧

Leave a Reply

One thought on “ཨ་རིའི་མཐོ་སློབ་ཁག་ཏུ་རྒྱ་ནག་གིས་སིམ་འཛུལ་བྱེད་ཀྱིན་པའི་གནད་དོན་ལ་ཞིབ་འཇུག་གནང་འཆར་འདུག

  1. བསོད་ནམས་རྒྱལ་མཚལ།

    ད་ ཨ་རི་ལ་ རྒྱ་དམར་གྱི་ཐུབ་ཚོད། 😂 😂 😂 😅 COVID-19 🦠 དེ་ ཕོ་ཡིན་མོ་ཡིན་ ཧ་གོ་ས་མ་རེད། 😂 😂 😂 😅