ཆབ་སྲིད་བཙོན་ཟུར་གྲྭ་ཆོས་ཀྱིས་ལགས་འདས་གྲོངས་སུ་ཕྱིན།

རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་ཆོས་ཀྱིས་ལགས་དགོས་མཁོ་ལྟར་སྨན་པར་བསྟེན་གཏུག་བྱེད་དུ་མ་བཅུག་པར་བརྟེན་རང་ཁྱིམ་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག
འདི་གར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣:༣༥ སྟེང་། བོད་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་གྱི་དགེ་འདུན་པ། ཆབ་སྲིད་བཙོན་ཟུར་ཆོས་ཀྱིས་ལགས་ཡུན་རིང་ནད་མནར་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཉེ་སྔོན་ཁོང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་སྨན་བཅོས་ཆེད་འགྲོ་རྩིས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བཏང་མེད་འདུག

གྲྭ་ཆོས་ཀྱིས་ལགས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡ ཚེས་ ༡༨ ཉིན་ལོ་ངོ་ ༤ བཙོན་འཇུག་ཁྲིམས་ཐག་ཚང་ནས་ཀློད་གྲོལ་བཏང་ཡོད་ན་ཡང་། ཡུན་རིང་ནད་མནར་བྱུང་ཡིད་ཀྱང་།རྒྱ་ནག་གཞུང་གིས་སྨན་པར་བསྟེན་གཏུགས་དང་། ཁོང་རང་གི་འདོད་པ་ལྟར་བོད་ཀྱི་རྒྱལ་ས་ལྷ་སའི་སྨན་པ་ཞིག་ལ་བསྟེན་ཆེད་འགྲོ་བཅུག་མེད་པ་མ་ཟད། རྒྱ་ནག་ཁྲིན་ཏུའུ་དང་འབར་ཁམས་སོགས་ནས་སྨན་པར་བསྟེན་རྒྱུར་ཡང་བཀག་འགོག་བྱས་རྐྱེན། ཁོང་རང་གི་འདོད་པ་ལྟར་སྨན་པར་བསྟེན་མ་ཐུབ་པར་རང་ཁྱིམ་ནས་འདས་གྲོངས་སུ་སོང་ཡོད་འདུག

དགེ་འདུན་པ་ཆོས་ཀྱིས་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་པ་དང། སྐད་འཕྲིན་ཐོག་ཆབ་སྲིད་དང་འབྲེལ་བའི་པར་རིས་བཞག་ཡོད་སྐོར་གྱི་ཉེས་མིང་གཡོགས་ཏེ། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ་མི་ཉག་ར་རྔ་ཁ་བཙོན་ཁང་དུ་བཅུག

ཁོང་འཛིན་བཟུང་བཙན་འཁྲིད་བྱེད་སྐབས་ཁོང་གི་ཕ་མ་གཅིག་པའི་ཨ་ཅེ་སྐྱིད་འཛོམས་དང་། མོའི་བུ་གྲགས་པ་གཉིས་ཀྱང་གློ་བུར་དུ་བཙན་ཁྲིད་ཀྱིས་ཉིན་ ༡༥ ཙམ་རིང་བཀག་ཉར་འདྲི་རྩད་བྱས་རྗེས་ཀློད་གྲོལ་བཏང་ཡོད་འདུག

དགེ་འདུན་པ་ཆོས་ཀྱིས་ལགས་བཙོན་ཁང་དུ་མ་བཅུག་སྔོན་ནས་ནད་གཞི་ཞིག་གིས་སྐུ་གཟུགས་སྐྱོ་བོ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཁོང་དང་འབྲེལ་ཡོད་ཅིག་གིས་ཆོས་ཀྱིས་ལགས་ལ་བཙོན་ཁང་དུ་བཙོན་པ་གཞན་དང་མི་འདྲ་བར་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་དང་། གཟུགས་གཞིའི་གནས་སྟངས་ཞན་པའི་ཁར་བཙན་དབང་གིས་ལས་ཀ་མང་པོ་བྱེད་བཅུག་པར་བརྟེན། ཁོང་གི་ནད་གཞི་ཇེ་སྡུག་དང་གཟུགས་གཞི་ཇེ་ཞན་དུ་སོང་ཡོད་སྐོར་བརྗོད་ཡོད་པ་དང་། དང་ཐོག་ནང་མི་ཚོ་ཟླ་རེའི་མཚམས་སུ་ཁོང་ལ་ལྟ་རུ་ཕྱིན་ཏེ་ཟ་མ་སོགས་སྤྲོད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ནས་བཟུང་ནང་མི་ཚོར་ཐུག་འཕྲད་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཕྱིས་སུ་ཁོང་ཀློད་གྲོལ་གཏོང་སྐབས་། ཉེན་རྟོག་པས་འཁྲིད་དེ་རང་ཁྱིམ་དུ་འབྱོར་ཡོད་པ་དང་། ཁོང་རང་ཁྱིམ་དུ་འབྱོར་སྐབས་ཡུལ་མི་བརྒྱ་ལྷག་བསུ་མ་བྱེད་དུ་བསླེབས་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ཁྱིམ་མི་དངོས་མ་གཏོགས་གཞན་སུ་གཅིག་ཀྱང་བསུ་མ་བྱེད་དུ་ཡོང་མི་ཆོག་པ་དང་། གལ་སྲིད་ཡོང་བ་ཡིན་ན་ཁོང་བཙོན་གྲོལ་གཏོང་རྒྱུ་མིན་པའམ་སླར་ཡང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་དང་། ཁོང་ཀློད་གྲོལ་བཏང་བའི་གནས་ཚུལ་ཁྱབ་བསྒྲགས་བྱེད་མི་ཆོག གལ་སྲིད་བྱས་པ་ཡིན་ན་བཙོན་འཇུག་ཉེས་ཆད་གཅོད་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་པ་རེད།

དགེ་འདུན་པ་ཆོས་ཀྱིས་ལགས་ནི་ད་ལོ་དགུང་ལོ་ ༤༣ ཡིན་ཞིང་། ཁོང་གི་ཕ་མིང་ལ་ཞོ་སྐྱ་ཉོ་དང་མ་མིང་ལ་ཚེ་རིང་སྐྱིད་ཡིན་པ་དང་། ཁོང་ཆུང་དུས་ནས་སྙི་སྟོད་ཡུལ་འཚོ་ཕུ་གུ་དགོན་དུ་རབ་བྱུང་བསྒྲུབས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༠༨

Leave a Reply

One thought on “ཆབ་སྲིད་བཙོན་ཟུར་གྲྭ་ཆོས་ཀྱིས་ལགས་འདས་གྲོངས་སུ་ཕྱིན།

  1. བསོད་ནམས་རྒྱལ་མཚལ།

    རྒྱ་ནག་གི་གདོང་ལྤགས་བཤུ་བའི་གོ་སྐབས། 👍 རྒྱ་དམར་གྱི་གདོང་ལྤགས་ག་དུས་ཤུས་ག ❓ ❗️ 🤔 ཕྱི་རང་དབང་ལུང་པ་ལ་ཁ་བོར་ཤོག་དེ་ལས་ལྷ་པོ་འདུག་ག དུས་རྒྱུན་ལྡན་ནས་རྒྱ་དམར་དང་ལག་འབྲེལ་ཡོད་མཁན་སྟོབ་ཆེན་རྒྱལ་ཁབ་དཔོན་རིགས་ཚོ་ CORONA Virus 🦠 རྒྱ་དམར་ལ་ སྤྲད་ལད་ཀྱི་ དགྲ་ལེན་བྱེད་ཕོས་ཀྱི་མིན་འདུག ང་ཚོ་ག་འདྲ་སེ་གདོང་ལྤགས་ཤུས་ག ❓ ❗️ 🤔 དེ་པ་ ཕྱི་རང་དབང་ལུང་པ་ལ་ཁ་བོར་ཤོག སྡུག་པོ་དེ་་་ ཞི་ལུད་བོད་རིགས་སྤུན་ཟླ་ཚོ། 😢😪