རྒྱ་གར་ལྷོ་ཕྱོགས་ནས་རླངས་རྫས་ཤོར་ཏེ་མི་མང་པོར་ཤི་རྨས་བཟོས།

རྒྱ་གར་ལྷོ་ཕྱོགས་ཀྱི་རྫས་འགྱུར་བཟོ་གྲྭ་ཞིག་ནས་རླངས་རྫས་ཤོར་ཏེ་ཉུང་མཐར་མི་གྲངས་ ༡༠ ལྷག་རྐྱེན་འདས་དང་མི་མང་པོར་དབུགས་གཏོང་ལེན་དཀའ་བ་དང་ཚ་གཟེར་རྒྱག་པ་སོགས་ཀྱི་གནོད་སྐྱོན་ཐེབས་འདུགརྒྱ་གར་གྱི་དུས་བབ་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། མདང་དགོང་མཚན་གུང་ཡོལ་ཆུ་ཚོད་ ༢ ཙམ་ནས་རྒྱ་གར་ལྷོ་ཕྱོགས་ཨ་དྷ་ར་མངའ་སྡེའི་ཝི་ས་ཁ་པཌ་ནམ་ (Visakhapatnam, Andhra Pradesh) གྲོང་ཁྱེར་གྱི་ཁོངས་གཏོགས། གྷོ་པ་ལ་པཌ་ནམ་ས་ཁུལ་དུ་ཡོད་པའི་ཨལ་ཇི་འཕྲུལ་རིག་བཟོ་ཚོང་ཁང་ (LG) གི་རྫས་འགྱུར་བཟོ་གྲྭ་ཞིག་ནས་རླངས་རྫས་ཤོར་ཏེ། ཉུང་མཐར་མི་གྲངས་ ༡༠ ལྷག་རྐྱེན་འདས་དང་། མི་གྲངས་བརྒྱ་ཕྲག་ལྷག་ལ་ཚ་གཟེར་བརྒྱབ་པ་སོགས་ཀྱི་རྨས་སྐྱོན་ཕོག་ཡོད་འདུག

སྤྱི་ཚོགས་དྲ་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྫས་འགྱུར་ཁང་ནས་ཤོར་བའི་རྫས་རླངས་དེའི་རྐྱེན་པས་མི་མང་པོ་དྲན་པ་བརྒྱལ་བའི་པར་རིས་དང་བརྙན་མཐོང་རྒྱུ་ཡོད་པ་མ་ཟད། གཞུང་འབྲེལ་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་དོན་རྐྱེན་ཁྲོད་སྐྱེད་མ་དང་ཕྲུ་གུར་གནོད་འཚེ་ཆེ་ཤོས་ཐེབས་ཡོད་སྐོར་དང་། ད་ལྟའི་ཆར་མི་གྲངས་ཅི་ཙམ་རྐྱེན་འདས་སོང་ཡོད་པ་ཁ་གསལ་བཤད་ཐབས་མེད་སྐོར་བཀོད་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་སྒེར་གྱི་ཊུ་ཝི་ཊར་དྲ་ལམ་ཐོག ད་ཐེངས་ཝི་ས་ཁ་པཌ་ནམ་དུ་ལྷག་པའི་གནས་ཚུལ་དང་འབྲེལ་ནས་ནང་སྲིད་ལྷན་ཁང་དང་རང་བྱུང་གོད་ཆག་སྟངས་འཛིན་ལས་ཁུངས་དང་གྲོས་བསྡུར་བྱས་ཡོད་པ་མ་ཟད། གནས་སྟངས་ལ་རྟོག་ཞིབ་བྱེད་མུས་ཡིན་སྐོར་གསུངས་འདུག དེ་བཞིན་ཨན་དྷ་ར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇ་གན་མོ་ཧན་རེ་ཌི་ལགས་ཀྱིས་ཝི་སི་ཁ་པཌ་ནམ་རྫོང་དཔོན་ལས་ཁུངས་ནས་ཚེ་སྲོག་སྐྱོབ་རྒྱུ་གཙོར་འདོན་གྱིས་གནས་སྟངས་ཞི་འཇགས་ཡོང་ཐབས་བྱེད་དགོས་སྐོར་གྱི་བཀོད་མངགས་བྱས་པ་མ་ཟད། མི་རིང་བར་དོན་རྐྱེན་ཁྲོད་རྨས་སྐྱོན་ཕོག་པའི་མི་མང་ཚོར་སྨན་བཅོས་བྱེད་སའི་སྨན་ཁང་དུ་ངོ་བཅར་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གཞན་ཡང་དོན་རྐྱེན་བྱུང་ནས་ཆུ་ཚོད་ ༡༠ ཙམ་རྗེས་ཏེ། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་རྫས་འགྱུར་ཁང་དེའི་སྦྱིན་བདག་ཀོ་རི་ཡའི་ཨལ་ཇི་རྫས་འགྱུར་བཟོ་སྐྲུན་ཁང་ (LG Chem) གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། བཟོ་སྐྲུན་ཁང་དེས་ས་གནས་ཀྱི་འབྲེལ་ཡོད་སྒྲིག་འཛུགས་དང་མཉམ་འབྲེལ་གྱིས། དོན་རྐྱེན་ཁྲོད་མི་གྲངས་ཅི་ཙམ་ལ་དོ་ཕོག་ཐེབས་ཡོད་མེད་དང་། བཟོ་སྐྲུན་ཁང་གི་ལས་མི་དང་ཉེ་འཁོར་གྱི་མང་ཚོགས་རྣམས་སྲུང་སྐྱོབ་བྱེད་ཐབས་སྐོར་གྲོས་བསྡུར་བྱེད་མུས་ཡིན་སྐོར་དང་། ད་ཐེངས་རྫས་འགྱུར་ཁང་ནས་ཤོར་བའི་རྫས་རླངས་དེ་ལུས་པོའི་ནང་ཞུགས་ན་དྲན་པ་འཐོར་བ་དང་། ཞེ་མེར་ལངས་སྲིད་སྐོར་དང་། ད་ལྟའི་ཆར་རྫས་རླངས་སྟངས་འཛིན་བྱས་ཐུབ་ཡོད་པ་ཟད། རྫས་རླངས་ཇི་ལྟར་ཤོར་ཡོད་མེད་ཐད་ཞིབ་འཇུག་བྱེད་ཀྱིན་ཡོད་སྐོར་བསྒྲགས་འདུག

དེ་ཡང་རྒྱ་གར་དབུས་སའི་གཞུང་གིས་ས་གནས་ཀྱི་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ལ་དཔག་སྟེ་ཟླ་འདིའི་ཕྱི་ཚེས་ ༤ ནས་ཁྱིམ་སྡོད་བཀའ་རྒྱ་ཅུང་ལྷོད་ཡངས་བཏང་ཡོད་ཅིང་། དཔལ་འབྱོར་གནས་སྟངས་བསྐྱར་གསོ་ཡོང་ཆེད་བཟོ་གྲྭ་མང་པོ་ཞིག་ཀྱང་དུས་ཡུན་རིང་པོའི་རྗེས་སྒོ་ཕྱེས་ཡོད་པ་ལྟར། ཐེངས་འདིའི་དོན་རྐྱེན་འབྱུང་སའི་རྫས་འགྱུར་ཁང་དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༤ ནས་སྒོ་བརྒྱབ་སྟེ་དེ་རིང་ཐེངས་དང་པོ་སྒོ་ཕྱེས་པ་ཞིག་ཡིན་པ་དང་། དེ་རིང་ཞོགས་པར་རྫས་འགྱུར་ཁང་དེའི་ཉེ་འཁོར་དུ་གནས་སྡོད་མི་འགས་ས་གནས་ཉེན་རྟོག་ཁང་ལ་མཁའ་དབུགས་ནང་དྲི་ངན་ཞིག་བྲོ་ཡི་ཡོད་པ་མ་ཟད། དེའི་རྐྱེན་པས་མིག་ཚ་བ་དང་། ལུས་ལ་ཚ་འབུར་ཐོན་པ། དབུགས་གཏོང་ལེན་ལ་དཀའ་ཁག་ཡོད་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་རྗེས།  ས་གནས་ཉེན་རྟོག་པ་ཡུལ་དངོས་སུ་འབྱོར་ཏེ། ཛ་དྲག་མྱུར་སྐྱོབ་ཚན་པ་བརྒྱུད་རྨས་སྐྱོན་ཕོག་པའི་མི་རྣམས་ཉེ་འཁྲིས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། རྫས་འགྱུར་ཁང་དེའི་མཐའ་འཁོར་སྤྱི་ལེ་ ༥ ནང་ཚུད་དུ་གནས་སྡོད་མི་མང་ཕལ་ཆེ་བ་ས་གནས་གཞན་དུ་གནས་སྤོས་བྱས་ཡོད་འདུག

ཕྱི་ལོ་ ༡༩༨༤ ལོར་ཡང་རྒྱ་གར་གྱི་དབུས་ཁུལ་མ་དྷི་ཡ་མངའ་སྡེའི་བྷོ་པལ་ (Bhopal, Madhya Pradesh)གྲོང་ཁྱེར་དུ་རྫས་རླངས་གས་ཐོར་གྱི་དོན་རྐྱེན་བྱུང་སྟེ། མི་གྲངས་སྟོང་ཕྲག་འགའ་རྐྱེན་འདས་སུ་སོང་ཡོད་པ་དང་། དེ་ནི་འཛམ་གླིང་གི་བཟོ་གྲྭའི་གོད་ཆག་ཆེ་ཤོས་ཤིག་ཏུ་བགྲང་གི་ཡོད་ཅིང་། དོན་རྐྱེན་དེ་བྱུང་ནས་ལོ་ངོ་ ༣༥ འགོར་ཟིན་ནའང། རྫས་རླངས་དེའི་རྐྱེན་པས་ཁུལ་དེར་དབང་པོ་སྐྱོན་ཅན་གྱི་བྱིས་པ་བཙའ་ཡི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༠༧

Leave a Reply