སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་སུ་ཏོག་དབྱིབས་ཀྱི་ཤུགས་རྐྱེན་དང་ཁ་ཡོད་ལག་ཡོད་ཀྱི་བཅོས་ཐབས་ཅི་ཡོད་བཅར་འདྲི་ཞུས།

ཕྱི་ཟླ་ ༤ ཚེས་ ༢༨ ཉིན་འདི་ག་བོད་ཀྱི་དུས་བབ་གསར་ཁང་ནས་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་སུ་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་མི་མང་ལ་ཐེབས་བཞིན་པའི་ཤུགས་རྐྱེན་དང་། རྒྱལ་སྤྱིའི་ཐོག་ནས་ནད་འབུ་དེའི་འབྱུང་ཁུངས་དང་འགོག་བཅོས་སྐོར་ལ་གླེང་སློང་རྩོད་རྙོག་རིགས་མང་པོ་ཡོང་བཞིན་ཡོད་པའི་ཐད་ལ་དགོངས་ཚུལ་ཅི་ཡོད་བཅར་འདྲི་ཞུས་ཡོད་འདུགདྲི་བ། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དེས་མིའི་ཚེ་སྲོག་དང་འཚོ་གནས་ལ་གནོད་སྐྱོན་དང་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་ཡོད་པ་རེད་དགོངས་ཀྱི་འདུག

ལན། སྤྱིར་བཏང་འཛམ་གླིང་ནང་ནད་གཞི་མང་པོ་ཞིག་ཡོད་པ་རེད། འོན་ཀྱང་། ད་རེས་ནད་གཞི་འདི་ཧ་ཅང་ཚབས་ཆེན་པོ་ཡིན་པ་མ་ཟད་དུས་ཡུན་ཐུང་ཐུང་ཞིག་གི་ནང་འགོས་ཁྱབ་ཕྱིན་ཏེ་མི་མང་པོ་ཞིག་འདས་གྲོངས་སུ་འགྲོ་དང་འགྲོ་མུས་ཡིན་པར་བརྟེན། མི་ཚང་མས་རྔམ་སྐྲག་དང་སེམས་འཚབ་བྱེད་བཞིན་པ་ནི་དངོས་ཡོད་གནས་སྟངས་ཤིག་ཆགས་བསྡད་ཡོད། ད་ལྟ་ཏོག་དབྱིབས་ནད་གཞི་འདིའི་འོག་ཁྱོན་མི་འབུམ་ ༢ ལྷག་འདས་གྲོངས་སུ་ཕྱིན་པ་དང་། ན་ཚ་ན་བཞིན་པ་མི་གྲངས་ས་ཡ་ ༣ ལྷག་ཆགས་ཡོད་པ་རེད། ད་ལྟ་རྒྱ་གར་ནང་ན་བཞིན་པའི་མི་གྲངས་ ༢༨༣༨༠ དང་འདས་གྲོངས་སུ་ཕྱིན་པ་ ༨༨༦ རེད་འདུག འཛམ་གླིང་ནང་གི་དཀའ་ངལ་ཆེ་ཤོས་འཕྲད་བཞིན་པ་ནི་ཨ་རི་ཆགས་བསྡད་ཡོད་རེད། ནད་གཞི་འདི་གནད་འགག་ཆེན་པོ་ཞིག་ཏུ་གྱུར་དོན་ནི་གཅིག་མགྱོགས་པོ་འགོས་སླ་བ་དང་འགོས་སྟངས་ཀྱང་སྟབས་བདེ་པོ་ཡིན་པ་རེད། ནད་གཞི་འགོས་ཡུལ་མང་ཤོས་མི་རབས་རྒན་པ་རེད་འདུག ཁོ་ཚོ་ནད་གཞི་འདིས་འཇུ་ཆོག་ཆོག་ཡིན་སྟབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།

སྤྱིར་བཏང་ཨ་རིའི་ནང་གློ་བའི་ནད་འབུ་སྔོན་འགོག་གི་ཁབ་ལོ་རྟག་པར་རྒྱག་གི་ཡོད་པ་དང་། ལོ་ལྟར་མི་ཁྲི་ ༡ ཡས་མས་ནད་འབུའི་རྐྱེན་པས་འདས་གྲོངས་སུ་འགྲོ་ཡི་ཡོད་སྟབས། ད་རེས་ནད་འབུ་དེ་ཡང་སྔོན་མ་ནང་བཞིན་འགྲིག་འགྲོ་ཡི་རེད་བསམ་པ་འདྲ། རྗེས་སུ་ད་ལྟའི་ནད་འབུ་འདི་དེ་སྔོན་ནང་བཞིན་མིན་པ་གསལ་བོ་ཆགས་ཏེ་ཨ་རིའི་ནང་མི་ཁྲི་མང་པོ་གྲོངས་བ་སོགས་ཀྱི་དཀའ་ངལ་མིག་མཐོང་ལག་ཟིན་བྱུང་བ་རེད། དེར་བརྟེན། ན་ཚ་འདིའི་རྐྱེན་པས་འཛམ་གླིང་ནང་དཀའ་ངལ་ཚབས་ཆེན་འཕྲད་བཞིན་འདུག

དྲི་བ། ནད་འབུ་དེའི་ཐོག་མའི་འབྱུང་ཁུངས་དང་། ནད་འབུ་དེ་རང་བྱུང་ནད་འབུ་ཞིག་ཡིན་ནམ། ཡང་ན་མིས་བཟོས་ནད་འབུ་ཞིག་ཡིན་མིན་ཐད་ད་ལྟ་རྒྱལ་སྤྱིའི་ཐོག་ནས་གླེང་སློང་མང་པོ་ཡོང་གི་འདུག སྐུ་ཉིད་ལ་དེའི་ཐད་དགོངས་ཚུལ་ག་འདྲ་ཡོད་ལགས།

ལན། འཛམ་བུ་གླིང་འཐོམ་བསྡད་ཡོད་དུས། དེ་བས་ཀྱང་ངས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐག་གཅོད་བྱ་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐད་ཡིག་ཆ་མང་པོ་འབྱུང་གི་ཡོད་པ་དང་དམིགས་བསལ་ཆབ་སྲིད་དང་འབྲེལ་བསྡད་ཡོད་པ་རེད། དེར་བརྟེན། འཛམ་གླིང་སྤྱིའི་སྡིངས་ཆའི་སྟེང་འདི་མ་གཏོགས་འགྲོ་ས་མེད་ཟེར་ནས་ཐག་ཆོད་པོ་ཅིག་མ་བྱུང་བར་དུ་ཐེ་ཚོམ་ངང་འདུག་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཡིན་ནའང་། ཉེ་སྔོན་ཧྥ་རན་སིའི་ནོར་བྷེལ་གཟེངས་རྟགས་ཐོབ་མཁན་ཞིག་གིས། རྒྱ་ནག་གིས་ནད་འབུ་དེ་སྔོན་མ་སེམས་ཅན་ནས་སེམས་ཅན་ལ་འགོས་རྒྱུ་ཡོད་པ་ནས། ད་ལྟ་བཟོ་བཅོས་ཀྱིས་སེམས་ཅན་ནས་མིར་འགོས་རྒྱུ་ཡོད་པར་བཟོས་ཡོད་ཅེས་བཤད་ཡོད་པ་དང་། གཞན་དང་པོ་ཕ་ཝང་ནས་བྱུང་བ་རེད་ཟེར་བ་དང་ཕྱིས་སུ་ཝུ་ཧན་གྱི་ཁྲོམ་རའི་ནང་ཕ་ཝང་བཙོང་རྒྱུ་ཡོད་པ་མ་རེད་ཟེར་བ་སོགས་ཀྱི་སྐད་ཆ་ཐེ་ཚོམ་ཅན་རྐྱང་རྐྱང་བྱུང་བ་རེད། ཕྱིས་སུ་དེར་ཉི་ཧོང་གི་ནོར་བྷེལ་གཟེངས་རྟགས་ཐོབ་མཁན་ཞིག་གིས། རང་ཉིད་ཀྱིས་དེ་སྔོན་ཝུ་ཧན་རིམས་ནད་ཞིབ་འཇུག་ལྟེ་གནས་ཁང་དུ་ལས་ཀ་བྱས་མྱོང་བ་དང་ནད་འབུ་དེར་རྒྱ་ནག་གིས་བཟོ་བཅོས་བརྒྱབ་ཡོད་སྐོར་སོགས་མང་པོ་བཤད་ཡོད། གང་ལྟར་འདི་གནད་འགག་ཆེན་པོ་ཞིག་ལ་ཐུག་བསྡད་ཡོད་པ་རེད། གང་ཡིན་ཟེར་ན། གལ་སྲིད་ནད་འབུ་དེར་མི་རང་གིས་བཟོ་བཅོས་བརྒྱབ་སྟེ། ཁ་ཤོར་བ་དང་གློད་པའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་ཚེ། འཛམ་གླིང་ནང་གནས་ཚུལ་འདིའི་རིགས་ལ་ཐག་གཅོད་དང་བཀག་སྡོམ་ག་འདྲ་བྱས་ནས་བྱ་རྒྱུ་ཡིན་པ། གལ་སྲིད་རྐང་བཙུགས་ནས་ནད་འབུ་བཟོས་ཏེ། དུས་རབས་ ༢༡ པའི་ནང་མིར་དགྲ་བཟོ་བ་དང་དཔལ་འབྱོར་གྱོང་གུད་སྤྲོད་པ་སོགས་ཀྱི་འཆར་གཞི་དང་དམིགས་ཡུལ་བཟུང་བ་ཞིག་ཡིན་ན། དེ་ལ་རྩད་གཅོད་གཏང་གི་རེད་བསམ་གྱི་འདུག་ལ་གཏང་དགོས་པ་ཞིག་ཀྱང་ཆགས་ཡོད། དེ་ལ་ཨ་རི་སོགས་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཞིབ་འཇུག་བྱེད་པར་རྒྱ་ནག་ནས་བཀག་སྡོམ་བྱེད་ཀྱི་ཡོད་པའི་བསམ་ཚུལ་མང་པོ་བྱུང་གི་ཡོད། ད་ལྟ་གང་ལྟར་གནས་ཚུལ་འདིའི་རིགས་ཆབ་སྲིད་དང་འབྲེལ་ཡོད་དུས། ངས་དུས་ཚོད་ཞེ་དྲག་གཏོང་གི་མིན། འོན་ཀྱང་། འཛམ་གླིང་རྒྱལ་ཁབ་སུས་འཇོན་གྱི་ཡོད་ཚེ། ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཐོག་རྩད་གཅོད་བཏང་སྟེ་འཛམ་གླིང་མི་མང་གི་དོགས་པ་ངེས་པར་དུ་སེལ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད།

དྲི་བ། ནད་ཡམས་དེ་འཛམ་གླིང་གི་མི་གྲངས་ས་ཡ་ ༣ ལྷག་ལ་འགོས་ཁྱབ་ཕྱིན་པའི་ཛ་དྲག་གི་གནས་སྟངས་འོག རྒྱལ་ཁབ་མང་པོ་ཞིག་གིས་ནད་ཡམས་དེ་བཅོས་ཐབས་ཀྱི་ཞིབ་འཇུག་མང་པོ་བྱེད་ཀྱི་ཡོད་པ་མ་ཟད། བཅོས་ཐབས་ཀྱི་སྨན་ཡང་དངོས་སུ་ཚོད་ལྟ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་དུས། སྨན་དེ་དག་གིས་ཕན་ནུས་ཅི་ཙམ་ཐོན་གྱི་ཡོད་པ་རེད་ལགས།ལན། ད་ལྟའི་ཆར་སྨན་ཚང་མའི་ནང་ནས་སྐད་གྲགས་ཆེ་ཤོས་དེ། གྲུམ་བུའི་རིགས་ལ་ཕན་ཐོགས་བྱེད་ཅིག་རེད། དེའི་མིང་ལ་ (Hydroxycholoroquine)ཞེས་བཏགས་འདུག སྨན་དེ་དང་དེའི་སྨན་སྦྱོར་གཅིག་མཚུངས་ཡིན་པའི་དུག་སྤྲང་གི་སྨན་ (malaria) གཉིས་ནས་ཏོག་དབྱིབས་ནད་དུག་བཅོས་ཐབས་ལ་ཕན་ཐོགས་འདུག་ཟེར་གྱི་ཡོད།  ཕན་ཐོགས་འདུག་ཟེར་རྒྱུ་དེ་ཡང་སྔོན་མ་ན་ཚ་འདི་འདྲའི་རིགས་ཤིག་ལ་ཕན་ཐོགས་བྱུང་སྟབས། བརྟག་དཔྱད་བྱས་པ་བརྒྱུད་ཕན་ཐོགས་པ་འགའ་བྱུང་བ་རེད། འོན་ཀྱང་། གཏན་འཁེལ་བ་ཞིག་བྱུང་མི་འདུག་པས། ད་ལྟ་ཨ་རིའི་སྲིད་འཛིན་གྱི་སྨན་པའི་སློབ་སྟོན་པ་(Anthony Fauci)ལགས་ཀྱིས་ཀྱང་། ང་ཚོར་གདེང་བཞིའི་ཐོག་ནས་གཏན་འཁེལ་པོ་མེད་ཟེར་གྱི་ཡོད། འོན་ཀྱང་ད་ལྟ་ཛ་དྲག་གནས་སྟངས་འོག་འུ་ཐུག་སྟེ་ཅུང་ཙམ་ཕན་མི་ཡོང་ངམ་བསམ་ནས་ཨ་རིས་རྒྱ་གར་ལག་ནས་སྨན་འབོར་ཆེན་ཉོས་ཡོད་པ་རེད། ཡང་སྨན་དེ་བེད་སྤྱོད་བྱས་ཏེ་མི་ཁག་ཅིག་ལ་ནད་ལོག་བརྒྱབ་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། སྨན་འདི་གཉིས་ད་ལྟ་ཚོད་ལྟ་བྱེད་བཞིན་པ་ཞིག་ཆགས་ཡོད། གཞན་གཉན་ནད་རེག་དུག་གི་ནད་འབུ་རིགས་གསོད་བྱེད་དང་བཀག་འགོག་གི་སྨན་ཁ་ཤས་ཤིག་ཡོད་པ་རེད། དེའི་ནང་ནས་ཨ་རིས་ལབ་པའི་སྨན་དེ་(Ranacide) ཟེར་པ་དེ་ཆགས་ཀྱི་ཡོད། དེ་ནས་རྒྱ་ནག་ནས་སྨན་དེས་ཕན་གྱི་ཡོད་དམ་ཟེར་ནས་སྐད་ཆ་འདྲི་མཁན་ཁག་ཅིག་ཡོང་གི་འདུག རྒྱ་ནག་ནང་དེ་འདྲ་བའི་སྨན་ཞིག་གིས་ཕན་ཐོགས་ཀྱི་འདུག་ལབ་ཀྱི་འདུགད་ལྟའི་ཆར་རེ་བ་ཡོད་ས་གཅིག་ནི། ཏོག་དབྱིབས་ནད་དུག་ལས་དྲག་སྐྱེད་བྱུང་བའི་མི་ཞིག་ཉུང་མཐར་ཉིན་ ༢༨ རིང་ངལ་གསོ་བརྒྱབ་ནས་འདུག་དགོས་པ་དང་། དེའི་རྗེས་མི་དེའི་ཁྲག་འཐེན་ཏེ་ཁོའི་ཁྲག་ནང་གི་གཟུགས་པོའི་མ་ལག་སྲུང་སྐྱོབ་བྱེད་པའི་(Antibiotics)དེ་ཏོག་དབྱིབས་ནད་པར་སྤྲད་པ་ཡིན་ན་དྲག་སྐྱེད་བྱུང་གི་ཡོད་པའི་གནས་སྟངས་གང་འཚམ་འདུག དེ་ལ་ (plasma therapy)ཟེར་གྱི་ཡོད་རེད། ཐབས་ལམ་དེའི་སླད་ཨ་རིའི་གཞུང་གིས་དྲག་སྐྱེད་བྱུང་བའི་མིས་ཁྲག་སྦྱིན་གནང་བའི་རེ་སྐུལ་ཞུ་བཞིན་འདུག ཡག་ཤོས་ཤིག་ལ་ཁྲག་སྤྲད་པ་ཡིན་ནའང་གནོད་སྐྱོན་མེད་པ་རེད། གནད་དོན་གཞན་ཞིག་ནི་དེང་སང་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་སྨན་འདི་དང་ཕ་གི་ཟ་ཆོག་གི་མ་རེད་ཟེར་བ་སོགས་དཀྲོལ་གཏམ་རྐྱང་བཤད་དེ་སྐབས་ཤིག་ལ་ཁྲག་ཤེད་ཀྱི་སྨན་གཉིས་ཟས་པ་ཡིན་ན་གནོད་ཀྱི་ཡོད་སྐོར་བསྒྲགས་པ་མ་ཟད། ཁྲག་ཤེད་མཐོ་བའི་མི་ཁག་ཅིག་གིས་སྨན་དེ་ཟ་ཡི་མེད་པའི་གནས་ཚུལ་བྱུང་བ་འདྲ། འོན་ཀྱང་། གནས་ཚུལ་དེ་ལ་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པས་བདེན་པ་རེད་མི་འདུག

གནས་ཚུལ་ཡག་ག་ཞིག་ལ་དབྱིན་ཡུལ་གྱི་ཨོ་ཁུ་སི་ཧྥོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཏོག་དབྱིབས་སྔོན་འགོག་གི་སྨན་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་འདོན་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་རེད། དེ་མིན་ཁག་ཅིག་གིས་(Hydroxycholoroquine)ཟ་དགོས་ཀྱི་མེད་རུང་ཟས་རྗེས་ནད་ལོགས་བྱུང་བའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། མི་ཁག་ཅིག་གིས་རྔམ་སྐྲག་རང་བྱས་ཏེ་ཟ་མི་དགོས་ནའང་ཟ་ཡི་ཡོད་པ་རེད། ཁྲག་སྤྲོད་པའི་སྨན་བཅོས་དེའི་རིགས་རིག་པའི་ཐོག་ནས་ཡིན་ནའང་། ཏོག་དབྱིབས་ནད་དུག་གི་རིམ་པ་ཕྲན་བུ་ན་མཁན་དང་འབྲིང་ན་མཁན། དེ་བཞིན་ཚད་མཐོ་བོ་ན་མཁན་སོགས་ལས་ཚད་མཐོ་བོ་ན་མཁན་ལ་མ་གཏོགས་ཐབས་ལམ་དེ་སྤྱོད་ཀྱི་མེད་པ་རེད། རིམ་པ་དང་པོ་དང་གཉིས་པ་དེ་ཚོ་ངལ་གསོ་བརྒྱབ་བཅུག་པ་དང་ཚ་བ་ཡོད་ཚེ་ཚ་བ་བཅག་པ་སོགས་བྱེད་ཀྱི་ཡོད་རེད། དེར་བརྟེན། སྨན་དེ་ཏོག་དབྱིབས་ནད་དུག་གི་ནད་པའི་གནས་སྟངས་སྡུག་ཤོས་ཅན་ཚོར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་རེད།  མདོར་དོན་ད་ལྟ་བར་དུ་སྨན་བཅོས་རིམ་པ་འདྲ་མིན་བྱས་བསྡད་ཡོད་པ་རེད་དེ། སྨན་འདིས་དག་དག་ཕན་གྱི་འདུག་ཟེར་བ་ཞིག་བྱུང་ཡོད་མ་རེད།

དྲི་བ། ད་ལན་གྱི་འཛམ་གླིང་རང་བཞིན་གྱི་ནད་ཡམས་འགོས་ཁྱབ་དེས་ང་ཚོ་ལ་འཕྲོད་བསྟེན་དང་རྒྱུན་ལྡན་གྱི་འཚོ་གནས་ཐོག་བསླབ་བྱའམ་བརྡ་ལན་གཙོ་བོ་ག་རེ་བཏང་ཡོད་པ་རེད་དགོངས་ཀྱི་འདུག

ལན། དངོས་གནས་བྱས་ན་འཛམ་བུ་གླིང་གི་དཔལ་འབྱོར་གནས་བབ་ཇེ་ཡག་ཏུ་འགྲོ་ཡི་ཡོད་དུས། འཛམ་གླིང་ནང་འགོས་ནད་ཀྱི་རིགས་ཇེ་ཉུང་དུ་འགྲོ་ཡི་ཡོད། འོན་ཀྱང་། བསམ་བློ་ཡག་པོ་བཏང་ན་མིའི་སྤྱོད་ལམ་དང་བེད་སྤྱོད་གཏོང་སྟངས་ནོར་ཏེ་གཅིན་སྙི་དང་རྒྱག་པ་ཆགས་པ། ཁྲག་ཤེད་མཐོ་བ་སོགས་འགོས་ནད་མིན་པའི་ནད་རིགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེ་ནས་ད་ལྟ་གློ་བུར་དུ་འཛམ་གླིང་ནང་འགྲོ་སྟངས་ལོག་ཁ་ཡིན་པའི་འགོས་ནད་ཅིག་ཁྱབ་ཡོང་བ་རེད། འགོས་ནད་དེ་འཛམ་གླིང་ནང་ཁྱབ་ཡོང་དུས་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མར་འགོས་ནད་དེ་ལ་གདོང་ལེན་བྱེད་ཐབས་སོགས་ཀྱི་ཉམས་མྱོང་གསར་པ་ཐོབ་པ་དང་། ད་ལྟའི་ཏོག་དབྱིབས་ནད་དུག་འདི་བརྒྱུད་འཛམ་གླིང་ནང་འཕྲོད་བསྟེན་ཐོག་སྔོན་མ་ལས་དོ་འཁུར་བྱེད་པ་དང་ལྷག་དོན་དུ་ཨ་ཧྥེ་རི་ཁ་དང་རྒྱ་གར་སོགས་དཔལ་འབྱོར་སྐྱོ་གྲས་ཀྱི་ལུང་པ་ཚོར་གཙང་སྦྲ་འཕྲོད་བསྟེན་ཐོག་དོ་འཁུར་ཤུགས་ཆེན་བྱེད་དགོས་པའི་སློབ་གསོ་ཐེབས་ཡོད་པ་མ་ཟད། ཏོག་དབྱིབས་ནད་དུག་སྔོན་འགོག་བརྒྱུད་(TB)ལ་སོགས་པའི་འགོས་ནད་ཀྱི་རིགས་གཞན་མང་པོ་ཞིག་ཇེ་ཉུང་དུ་འགྲོ་ཡི་རེད་བསམ་གྱི་ཡོད།

ནད་ཚ་འདིས་ཏན་ཏན་འགུལ་སྐྱོད་ཅིག་བསླངས་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་ལ་གྱོང་གུད་ཐེབས་ཡོད་པ་བཤད་མ་དགོས་པ་རེད། ན་ཚ་འདིས་ཕོ་མོ་དང་རིགས་རུས། དབུལ་ཕྱུག་དང་རྒྱལ་ཁབ། མགོ་འཁྲིད་སོགས་མི་བརྩི་བར་མི་ཚང་མ་འདྲ་མཉམ་ཡིན་པའི་སློབ་གསོ་སྤྲད་ཡོང་དུས། ནམ་རྒྱུན་༧རྒྱལ་བ་རིན་པོ་ཆེས་མི་ཚང་མ་གཅིག་རེད་གསུངས་པ་དེ་དངོས་འབྲེལ་ཆགས་སོང་བསམ་ཡོད། མི་སུ་ལའང་ན་ཚ་འདི་ཕོག་སྲིད་པ་དང་། ན་ཚ་འདི་བརྒྱུད་མི་ཚང་མ་ཕན་ཚུན་གཅིག་ནས་གཅིག་ལ་བརྟེན་དགོས་པ་དང་རེ་དགོས་པ་མངོན་གསལ་དོད་པོ་ཆགས་པ་རེད། གནད་དོན་འདི་ཚོའི་རིགས་དེ་ང་ཚོ་འཛམ་གླིང་ལ་སློབ་གསོ་ཆེན་པོ་རེད་བསམ་གྱི་ཡོད། ད་རེས་ནད་གཞི་འདིས་ཕྱོགས་མང་པོའི་ཐོག་ནས་སློབ་གསོ་སྤྲད་སོང་བསམ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༠༨

Leave a Reply

One thought on “སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་སུ་ཏོག་དབྱིབས་ཀྱི་ཤུགས་རྐྱེན་དང་ཁ་ཡོད་ལག་ཡོད་ཀྱི་བཅོས་ཐབས་ཅི་ཡོད་བཅར་འདྲི་ཞུས།

  1. འདམ་སྐྱེས།

    སྐུའི་བླ་སྨན་པ་ས་འདུ་ཚེ་བརྟན་རྡོ་རྗེ་མཆོག་གིས་དུས་བབ་གསར་འགོད་པའི་དྲི་ལན་ལ་ཕྱོགས་གང་ཐད་ནས་ཚད་དང་ལྡན་པའི་འབྱུང་འགྱུར་ལོ་རྒྱུས་ལ་སྨན་པའི་ལན་འདེབས་ཡག་པོ་གནང་བར་བསྔགས་བརྗོད་ཡོད། གསར་འགོད་པས་ཀྱང་སྐབས་དུས་སུ་གལ་ཆེའི་མི་ངོ་དག་ལ་འདི་བཞིན་དྲི་བ་དང་བརྙན་ལམ་ནས་ཀྱང་སྔ་རྗེས་ཐུགས་སྣང་གིས་སྤེལ་སོང་བས་ཡིད་རངས་དང་བོད་སྤྱི་དོན་ལ་འགན་གནང་གི་ཡོད་པ་མངོན་གསལ་དུ་མཐོང་།།