ལྷ་སའི་གཙུག་ལག་ཁང་སྲུང་སྐྱོབ་ཅེས་པའི་འཛུགས་སྐྲུན་ལས་གཞི་ཞིག་མགོ་བརྩམས།

རྒྱ་ནག་གཞུང་གིས་བོད་ཀྱི་རིག་དངོས་རྩ་ཆེན་གཙུག་ལག་ཁང་ལ་ས་འོག་ཆུ་ལམ་འཐེན་པ་སོགས་འཛུགས་སྐྲུན་ལས་གཞི་ཁག་ཅིག་མགོ་བརྩམས་ཏེ་སྔར་ལས་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བསྒྲགས།དེ་རིང་ཕྱི་ཚེས་ ༨ ཉིན་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་(CGTN)གི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་སྲུང་སྐྱོབ་ཅེས་པའི་ཆེད་དུ་ཨ་སྒོར་ས་ཡ་ ༥།༦ ཙམ་གྱི་ལས་གཞི་ཞིག་མགོ་འཛུགས་བྱེད་ཀྱི་ཡོད་འདུག་ལ། གནས་ཚུལ་དེའི་ནང་། ས་གནས་དང་དབུས་གཞུང་གཉིས་ཀྱིས་འགྲོ་གྲོན་བཏང་སྟེ་ཇོ་ཁང་སྲུང་སྐྱོབ་ལས་གཞི་དང་འབྲེལ་བདེ་སྲུང་དང་གློག མེ་གསོད་བྱ་བ་དང་འབྲེལ་བའི་ས་འོག་ཆུ་ལམ་སོགས་ཀྱི་ལས་གཞི་ཁག་ཅིག་ཉེ་ཆར་ནས་མགོ་འཛུགས་བྱས་ཡོད་པ་དང་། ཁག་ཅིག་འདི་ལོའི་ལོ་མཇུག་བར་དུ་འགྲུབ་ཀྱི་ཡོད་འདུག

ལྷ་ས་གྲོང་ཁྱེར་རིག་དངོས་ལས་ཁུངས་ཟེར་བའི་མགོ་གཙོ་ཅིན་ཡོང་ཁྲིན་ (Jin Yongchun) ཟེར་བ་ཞིག་གིས། རིག་དངོས་རྩ་ཆེན་གཙུག་ལག་ཁང་ནི་མི་འབོར་ཧ་ཅང་མང་བ་དང་ཆུ་དཀོན་པའི་ལྷ་སའི་གྲོང་ཁྱེར་རྙིང་པའི་ནང་ཆགས་ཡོད་པས། སྲིད་གཞུང་གིས་མེ་གསོད་བྱ་བའི་ཆེད་གཙུག་ལག་ཁང་གི་ཉེ་འཁོར་དུ་ས་འོག་ཆུ་ལམ་འཛུགས་སྐྲུན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། དེས་གཙུག་ལག་ཁ་གི་མེ་གསོད་བྱ་བ་ཐག་གཅོད་བྱས་པ་མ་ཟད། ཛ་དྲག་མེ་སྐྱོན་སྐབས་གྲོང་ཁྱེར་རྙིང་པའི་བདེ་འཇགས་དང་སྲུང་སྐྱོབ་ཁག་ཐེག་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡༧ ཉིན་གྱི་ཕྱི་དྲོར་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ཇོ་ཁང་སོགས་ལྷ་ཁང་ཁག་ཅིག་ལ་མེ་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། མེ་སྐྱོན་བྱུང་བའི་ཕྱི་ཉིན་དེར་བྱིན་ཆེན་ཇོ་བོ་རིན་པོ་ཆེའི་གཡས་གཡོན་དུ་གོས་ཆེན་སེར་པོ་ཞིག་འཐེན་ཏེ་འབྲེལ་ཡོད་གྲྭ་བཙུན་དང་ལས་བྱེད་ཚོར་མེ་སྐྱོན་སྐོར་སྲུང་དགོས་པ་གཉིས་དང་བཤད་མི་ཆོག་པ་བཞི་ཞེས་པའི་བཀའ་རྒྱ་བསྒྲགས་ཏེ་གསང་རྒྱ་དམ་པོ་བྱས་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་གཞུང་གིས་དཔོན་རིགས་ནང་ཁུལ་དུ་དེ་འབྲེལ་གྱི་གསང་བའི་ཡིག་ཆ་ཞིག་བཀྲམ་པའི་ནང་ཇོ་ཁང་གི་མེ་སྐྱོན་ཁྲོད་ས་ཁྱོན་མི་ཊར་གྲུ་བཞི་མ་ ༥༠ ལྷག་ལ་ཚིག་སྐྱོན་བྱུང་སྟེ་ཇོ་ཁང་དང་རྒྱ་ཕིབས་ལའང་གནོད་སྐྱོན་ཕོག་ཡོད་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་འབྲེལ་གནའ་བོའི་རིག་གཞུང་གཅེས་སྐྱོང་ཁང་གིས་མེ་སྐྱོན་དེའི་ཁྲོད་རྒྱ་སྒོར་ས་ཡ་ ༣༠༠༠༠ ནས་ ༤༠༠༠༠ བར་གྱི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པའི་ཚོད་རྩིས་བྱས་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རྩལ་རིག་གཞུང་བཅས་ཀྱི་ལྷན་ཚོགས་ (UNESCO) ཞེས་པས་འཛམ་གླིང་གི་ཤུལ་བཞག་རིག་དངོས་སུ་ངོས་འཛིན་གནང་ཟིན་པའི་ཇོ་ཁང་ལ་མེ་སྐྱོན་བྱུང་རྐྱེན་དང་། གནོད་སྐྱོན་ག་ཚོད་ཐེབས་ཡོད་མེད་ཕྱི་གསལ་ནང་གསལ་དགོས་པ་དང་། གཙུག་ལག་ཁང་གི་མེ་སྐྱོན་གྱི་གནས་ཚུལ་ཁ་གསལ་མེད་པར་བརྟེན། ལྷན་ཚོགས་ནས་གཙུག་ལག་ཁང་གི་མེ་སྐྱོན་དང་འབྲེལ་བའི་དངོས་ཡོད་གནས་སྟངས་རྟོགས་ཞིབ་སླད་བོད་ནང་གསར་འགོད་མི་སྣ་གཏང་སྟེ་རང་དབང་གི་སྒོ་ནས་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

ཕྱི་ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རྩལ་རིག་གཞུང་ལྷན་ཁང་གི་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པར་ཇོ་ཁང་གི་མེ་སྐྱོན་སྐོར་ལ་སྙན་ཐོ་ཞིག་ཕུལ་བའི་ནང་། ཇོ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་མེད་སྐོར་དང་སྔར་ལུགས་ལྟར་བསྐྱར་གསོ་བྱེད་བཞིན་སྐོར་བརྗོད་ཡོད་འདུག རྒྱལ་སྤྱིའི་རིག་དངོས་ཤུལ་བཞག་ཚན་པ་དེས་མེ་སྐྱོན་ཁྲོད་གྱོང་གུད་ཐེབས་པའི་པར་དང་རི་མོ། དེ་བཞིན། སྲོལ་རྒྱུན་རང་བཞིན་ལྡན་པའི་སྒྱུ་རྩལ་རིག་དངོས་ཚང་མ་འདུས་པའི་སྙན་ཐོ་ཞིབ་ཚགས་ཤིག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡ ནང་ཚུད་དུ་འབུལ་དགོས་བཀའ་མངག་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་རིག་དངོས་ཤུལ་བཞག་ཚན་པའི་སྐུ་ཚབ་ཅིག་ལྷ་སར་དངོས་སུ་ཕེབས་ཏེ་གཟིགས་ཞིབ་གནང་དུ་འཇུག་དགོས་པའི་འབོད་སྐུལ་གནང་། ཡིན་ནའང་། དེའི་རྗེས་ཀྱི་གནས་ཚུལ་ཁ་གསལ་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༠༨

Leave a Reply