བོད་མི་དཀའ་ངལ་ཅན་ཚོར་ཧིན་སྒོར་འབུམ་ལྔ་བཅུ་ཡིས་རོགས་རམ་གནང་གཏན་འཁེལ།

རྒྱ་བལ་ནང་ཁྱིམ་སྡོད་བཀའ་རྒྱའི་འོག་རང་གནས་སུ་ལོག་མ་ཐུབ་པར་ས་གནས་གཞན་དུ་ལྷག་པ་དང་ལས་ཀ་ཤོར་བ། ཚོང་ལས་རྩག་རྩིག་གཉེར་བའི་གོ་སྐབས་མེད་པ་སོགས་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༥ འགྱངས་མེད་སྙན་ཞུ་འབུལ་དགོས་སྐོར་གསུངས་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དང་བལ་ཡུལ་གཞུང་གི་ཁྱིམ་སྡོད་བཀའ་རྒྱའི་འོག བོད་མི་ཚོའི་ལས་ཀའི་གོ་སྐབས་ཤོར་བ་དང་། འགྲོ་སྐྱོད་བཀག་སྡོམ་བྱས་རྐྱེན་རང་གནས་སུ་འབྱོར་མ་ཐུབ་པར་ས་གནས་གཞན་དུ་ལྷག་པ། དེ་བཞིན། རྒྱ་གར་དང་བལ་ཡུལ་ནང་གི་གྲོང་ཁྱེར་ཆེ་ཆུང་འདྲ་མིན་ནང་སྡོད་ཁང་གླས་ནས་ཁང་གླ་སྤྲོད་དགོས་པ་སོགས་ཀྱི་དཀའ་ངལ་ཡོད་མཁན་ ༡༠༠༠ ལ་ཧིན་སྒོར་ ༥༠༠༠ རེ་བཅས་ཁྱོན་ཧིན་སྒོར་འབུམ་ ༥༠ གནང་གཏན་འཁེལ་ཡོད་སྟབས། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༥ འགྱངས་མེད་སྙན་ཞུ་འབུལ་འབྱོར་ཐུབ་པ་དགོས་ལ། རོགས་དངུལ་ཐོབ་མཁན་གྱི་བོད་མི་དེ་དག་གི་མིང་དང་། སྡོད་གནས་ཁ་བྱང་དང་བཅས་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་འདོན་སྤེལ་གནང་རྒྱུ་ཡིན་སྐོར་བཀོད་འདུག

དེའི་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་དཀའ་སྡུག་མྱོང་བཞིན་པའི་བོད་མི་སྤྱི་དང་ལྷག་པར་སློབ་ཕྲུག་རྣམས་ལ་དུས་ཐོག་འབྲེལ་ཡོད་ལྷན་ཁང་བརྒྱུད་གཟིགས་སྐྱོང་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་དང་། བདུན་ཕྲག་རྗེས་མར་བོད་མི་སུད་ཚོང་བ་དཀའ་ངལ་ཅན་རྣམས་ལ་ངལ་སེལ་ལས་གཞི་སྤེལ་རྒྱུའི་གསལ་བསྒྲགས་གནང་རྒྱུ་ཡིན་པ་དང་། ཁྱིམ་སྡོད་བཀའ་རྒྱ་བསྡམས་པར་བརྟེན་རང་གནས་སུ་ཕྱིར་ལོག་བྱེད་མ་ཐུབ་པར་གནས་མཆོག་རྡོ་རྗེ་གདན་དུ་བོད་མི་ ༥༠ ཙམ་ཡོད་ཅིང་། མ་ནཱ་ལིར་ཆུ་ཚན་བརྒལ་མཁན་བོད་མི་དྲུག་ཙམ་དང་། པ་ཐན་ཀོཊ་ལ་བོད་མི་གཉིས་བཅས་ཡོད་པ་དེ་དག་གི་འཕྲལ་སེལ་དཀའ་ངལ་སེལ་ཐབས་ཙམ་མ་ཟད། རིམ་བཞིན་རང་གནས་སུ་ཁྲིམས་མཐུན་ཐོག་ནས་ཕྱིར་ལོག་ཇི་ལྟར་བྱེད་ཐུབ་མིན་གྱི་ལམ་སྟོན་འབུལ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་དེའི་ནང་། དེ་སྔོན་ཕྱི་ཟླ་ ༤ ཚེས་ ༣ ཙམ་ནས་བཀའ་ཤག་གི་ལམ་སྟོན་ཕེབས་པ་ལྟར་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་ས་གནས་མགོ་འཛིན་ཡོངས་ལ་ཁུངས་སོ་སོར་ཛ་དྲག་གི་དུས་སྐབས་འདིར་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཡོད་དོ་ཅོག་ལ་དུས་ཐོག་མཐུན་འགྱུར་རོགས་རམ་སྦྱོར་དགོས་པ་དང་། ལྷག་པར་རྒན་འཁོགས་དང་ཉམ་ཐག་དབུལ་ཕོངས་རིགས་ལ་དོ་ནན་གཟིགས་སྐྱོང་དགོས་པའི་བརྡ་ཁྱབ་བཏང་ཟིན་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༦ ཉིན་བར་བོད་མི་ཉམ་ཐག་དབུལ་ཕོངས་དང་ལོ་ན་ ༦༥ བརྒལ་བའི་རྒས་གཅོང་བཅས་ཁྱོན་མི་གྲངས་ ༡༠༠༠ བྱུང་བ་དེ་དག་གི་ཁང་པའི་སྒོ་འགྲམ་དུ་ཕྱིན་ནས་ཟ་འབྲུ་བགོ་འགྲེམས་གནང་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་ཤེས་རིག་ལས་ཁུངས་ཀྱིས་བོད་ཕྲུག་ཉམ་ཐག་མི་གྲངས་ ༢༩༧ ལ་ཛ་དྲག་ངལ་སེལ་རོགས་དངུལ་ཧིན་སྒོར་ ༢༠༠༠ རེ་གནང་ཡོད་པ་མ་ཟད། མཐོ་སློབ་འགྲིམ་བཞིན་པའི་བོད་ཕྲུག་ཉམ་ཐག་སློབ་མ་གྲངས་ ༥༠ དང་གཞན་བཅས་ཁྱོན་སློབ་ཕྲུག་གྲངས་ ༢༠༠ ལ་ཧིན་སྒོར་ ༥༠༠༠ རེ་ཕུལ་ཡོད་སྐོར་དང་། གུ་ཇུ་ར་ཏི་གྲོང་ཁྱེར་བྷ་རོ་ཌར་བོད་རིགས་སློབ་ཕྲུག་ ༨༣ རང་གནས་སུ་ལོག་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ནས་འབྲེལ་ཡོད་ལས་ཁུངས་བརྒྱུད་འགྲོ་གྲོན་ཆ་ཚང་བཏང་ནས་རང་གནས་ལོག་ཐབས་གནང་མུས་ཡིན་སྐོར་གསུངས་འདུག

རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་ ༡༩ (Covid-19) རྐྱེན་པས་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མིའི་གཞིས་སྒར་ཁག་ཕུད་ཁ་འཐོར་ས་གནས་ཁག་ཏུ་འཚོ་རྟེན་དཀའ་སེལ་རོགས་སྐྱོར་ཞུ་བའི་ཆ་རྐྱེན་ནང་དུ། ༡། གཞུང་ལམ་གཡས་གཡོན་དུ་ཉིན་རེའི་འཚོ་བའི་ཆེད་ཚོང་རྩག་རྩིག་གཉེར་བཞིན་པ། ༢། གཞིས་སྐལ་ཐོབ་ཐང་མེད་པ་གང་ཞིག་ལ་ཁང་གླ་སྤྲོད་དམིགས་མེད་པར་གནས་སྡོད་བྱེད་བཞིན་པ། ༣། ཐེམ་སྤང་བཀའ་རྒྱ ཡི་རྐྱེན་པས་རྒྱ་གར་བལ་འབྲུག་གསུམ་གྱི་རྒྱལ་ས་ཆེ་ཁག་གཙོས་ས་གནས་འདྲ་མིན་ཁག་ནང་ད་ལྟའང་འགྲུལ་བསྐྱོད་མི་ཐུབ་པར་དེ་མུར་ལུས་ཡོད་པ་གང་ཞིག་ལ་ཉིན་རེའི་ཟས་གྲོན་དཀའ་ངལ་འཕྲད་བཞིན་པ། ༤། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། ཟ་ཁང་། ཨར་ལས་སོགས་ཉིན་གླའི་ངོ་བོར་ ལས་ཀ་བྱེད་བཞིན་པ་གང་ཞིག་ད་ལྟའི་ནད་ཡམས་རྐྱེན་པས་ལས་ཀ་མཚམས་འཇོག་བྱ་དགོས་བྱུང་སྟེ་ཉིན་རེའི་འཚོ་བའི་ཐད་དཀའ་ངལ་འཕྲད་བཞིན་པ་བཅས་ཀྱི་ཆ་རྐྱེན་ཚང་རིགས་ནས་འཚང་སྙན་དང་གཏན་འབེབས་འགེངས་ཤོག་ཞིབ་བཀང་གིས་དུས་བཅད་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ འགྱངས་མེད་འབུལ་འབྱོར་ཐུབ་པ་དགོས་སྐོར་གསུངས་འདུགདེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་དབུས་པའི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དེ་བཞིན་འཕྲོད་བསྟེན་དང་དྲིལ་བསྒྲགས་དྲུང་ཆེ་རྣམ་པ་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ཚང་འཛོམས་ཀྱིས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་། བོད་མི་གནས་སྡོད་ས་གནས་བཅས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་ལས་དོན་སྤེལ་ཕྱོགས་ཐད་གོ་བསྡུར་གནང་ཡོད་པའི་སྐོར་གནས་ཚུལ་སྤེལ་བ་ལྟར་ན། རིམས་ནད་དང་འབྲེལ་བའི་འཕྲོད་བསྟེན་ལ་སོགས་ཀྱི་ལས་དོན་སྤེལ་ཕྱོགས་ཐོག་ཨ་རིའི་རོགས་ཚོགས་ (PRM) ནས་ཧིན་སྒོར་ ༡༨,༨༦༤,༩༢༤ ནང་ནས་གསོ་རིག་བོད་སྨན་ཆེད་ཧིན་སྒོར་ ༣༨༦༧༨༥༠ གནང་ཡོད། བོད་སྨན་བགོ་འགྲེམས་དེ་བཞིན་དོན་གཅོད་ལས་ཁུངས་ཀྱི་ཐོ་གཞུང་བསྡུ་རུབ་དང་། ཕྱི་རྒྱལ་ས་གནས་ཁག་ཏུ་ཛ་དྲག་ལ་དཔགས་པའི་བགོ་འགྲེམས་བྱེད་དགོས་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་ཡོད་པ་དང་། དེ་བཞིན་ PRM རོགས་ཚོགས་ནས་བལ་ཡུལ་བོད་མི་རྣམས་ཀྱི་ཆེད་ཧིན་སྒོར་ ༣,༤༤༠,༦༠༦ གནང་ཡོད་སྐོར་གསུངས་འདུག

ཡང་ཚོགས་འདུའི་ཐོག་རྒྱ་གར་ས་གནས་ UP དང་། Tamil Nadu ཁུལ་དུ་ཡོད་པའི་བོད་མི་ཁག་གཅིག་འགྲུལ་བཞུད་བྱ་རྒྱུའི་ E-pass འཐོབ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དེ་བཞིན་སྐྱབས་བཅོལ་ལག་དེབ་ RC དང་ Aadhaar card མེད་མཁན་བོད་མི་ཁག་གཅིག་གི་དཀའ་ངལ་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་ཚང་མའི་ནང་ Institutional Quarrantine འགོག་དབྱེ་ཟུར་འཇོག་གི་མཐུན་རྐྱེན་བསྐྲུན་ཡོད་པ་མ་ཟད། དུག་སེལ་ཡོ་ཆས་སོགས་གྲ་སྒྲིག་བྱས་ཟིན་ཡོད་སྐོར་དང་། ད་བར་བཙན་བྱོལ་བོད་མི་ཁྱོན་མི་གྲངས་ ༢༤༥༩༣ ལ་ཚ་བ་ཡོད་མེད་བརྟག་དཔྱད་བྱས་ཟིན་པའི་ཁྲོད་ཛ་དྲག་གི་གནས་སྟངས་མེད་པ་དང་། ད་ཆ་ཟུར་བཀག་འོག་མི་གྲངས་ ༡༤༠ ཡོད་སྐོར་གསུངས་འདུག

འབྲེལ་གཏུག་བྱ་ཡུལ། ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དྲུང་འཕར་ཟླ་བ་ཚུལ་ཁྲིམས། ༩༣༦༦༥༢༢༩༡༠།ཡང་ན། ༨༩༧༤༣༩༣༥༨༢

སྡེ་འགན་མིག་དམར་བུ་འཁྲིད། ༨༡༦༤༣༥༣༢༢།༧༠༡༨༠༡༢༣༨༨

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༠༨

Leave a Reply