ཉི་ཧོང་དོན་གཅོད་གསར་བ་བསྐོ་བཞག་གནང་།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་དོན་གཅོད་ལ་བསྐོ་བཞག་གནང་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་གཏན་ཁེལ་ཡོད་པ་དང་། ཨརྱ་ལགས་ཀྱིས་ཁོང་དེ་སྔ་ཉི་ཧོང་དོན་གཅོད་ཀྱི་དྲུང་ཆེ་བྱས་ཏེ་ལོ་ ༥ ཕྱག་ལས་གནང་མྱོང་ཡོད་སྟབས། ལས་དོན་ཡག་པོ་ཡོང་གི་རེད་བསམ་ཡོད་ལ་རང་ངོས་ནས་ཧུར་ཐག་བྱ་དགོས་བསམ་ཡོད་སྐོར་གསུངས་སོང་།

འདི་གའི་གསར་འགོད་པས་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་མ་འོངས་པར་ལས་དོན་གནང་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད་སྐོར་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན་དེ་སྔ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་རོགས་སྐྱོར་འོག་ཉི་ཧོང་དུ་སློབ་གཉེར་གྱི་གོ་སྐབས་ཐོབ་པ་དང་། དེའི་རྗེས་ཉི་ཧོང་དོན་གཅོད་ཀྱི་དྲུང་ཆེ་བྱས་ཏེ་ལོ་ ༥ ཕྱག་ལས་གནང་མྱོང་ཡོད་སྟབས། ཉི་ཧོང་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་བ། ཉི་ཧོང་གྲོས་ཚོགས་སོགས་ལ་ཆ་རྒྱུས་ཅུང་ཙམ་ཡོད་སྟབས་ལས་དོན་ཡག་པོ་ཡོང་གི་རེད་བསམ་ཡོད་ལ། རང་ངོས་ནས་ཧུར་ཐག་བྱ་དགོས་བསམ་ཡོད། ཅེས་གསུངས་བྱུང་།

ཡང་ཁོང་ལ་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ཕྱག་ལས་གནང་བའི་རིང་ལས་དོན་སོགས་ལེགས་འགྲུབ་ག་འདྲ་བྱུང་ཡོད་མེད་དྲིས་པར།  དང་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེར་བསྐོ་བཞག་གནང་སྐབས། ལས་དོན་སོགས་ཡག་པོ་ཨེ་ཡོང་བསམ་ནས་སེམས་ནང་དོགས་པ་ལྟ་བུ་ཡོང་ན་ཡང་། ལས་དོན་སྟེང་དངོས་སུ་ཕྱག་ལས་གནས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པས་ལམ་སྟོན་ལྟར་ལས་དོན་ཡག་པོ་བྱུང་སོང་ལ། ལྷག་པར་དུ་དྲིལ་བསྒྲགས་དྲུང་ཆེའི་དུས་ཡུན་རིང་རྒྱ་ནག་གིས་བོད་དོན་དང་འབྲེལ་བའི་འཁྱོག་བརྗོད་དང་། གནས་ཚུལ་རྫུན་མ་རིགས་ལ་དུས་ལྟར་དགག་པ་དང་ལན་འདེབས་ཐུབ་པ་སོགས། ཕྱོགས་ཡོང་ནས་ལས་དོན་ཡག་པོ་ཡོང་སོང་བསམ་པ་བྱུང་། ཞེས་གསུངས་བྱུང་།

ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི། ཕྱི་ལོ་ ༡༩༦༥ ཟླ་ ༦ ཚེས་ ༡༠ ཉིན་སྐྱེས་ཤིང་།  མ་སུ་རི་གཏན་སློབ་ཐོན་རྗེས་རྒྱ་གར་པན་ཇབ་མཐོ་སློབ་ནས་ཉེ་བའི་རབ་འབྱམས་པ་བསླབ་པ་མཐར་སོན་རྗེས། རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨ་ན་མ་ལ་ཡི་མཐོ་སློབ་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན།  དེ་ནས་ལྡི་ལི་མཐོ་སློབ་ནས་ཉི་ཧོང་སྐད་ཡིག་དང་། Chiyoda College of Business,Tokyo ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་ཐོག་སློབ་གཉེར་གནང་ཡོད་འདུག

དེའི་རྗེས་ཕྱི་ལོ་ ༡༩༨༨ ཟླ་ ༤ ནང་དཔལ་འབྱོར་ལས་ཁུངས་ནང་ཐོག་མར་ཕྱག་ལས་གནང་བ་ནས་བཟུང་ལས་འགན་འདྲ་མིན་ནང་ཕྱག་ལས་གནང་བའི་ཁོངས་ནས་གཙོ་ཆེ་ཤོས་ཡིད་ཆེས་དགེ་རྩའི་ཚོང་ལས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་དང་། ལྡི་ལི་དཔལ་འབྱོར་པར་སྐྲུན་ཁང་གི་འགན་འཛིན་སོགས་གནང་། ཕྱི་ལོ་ ༢༠༠༥ ལོར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེར་བསྐོ་བཞག་གནང་།  ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་ཀྱིས་བོད་ཀྱི་གསར་འགྱུར་ཚན་པའི་འགན་འཛིན་དང་། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ ནས་དྲིལ་བསྒྲགས་དྲུང་ཆེར་བསྐོ་བཞག་གིས་ད་བར་ཕྱག་ལས་གནང་ཡོད་མུས་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༠༨

Leave a Reply