རྒྱ་དཀར་ནག་གི་དམག་མིའི་བར་འཁྲུག་འཛིང་ཤོར་འདུག

བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་སྣ་ཐོད་ལ་དང་ལ་དྭགས་དཔལ་མགོན་མཚོ་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ་དམག་མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས་ ༩ ཉིན་ཕྱི་དྲོ་ཙམ་ལ་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་འབྲས་ལྗོངས་ཀྱི་སྣ་ཐོད་ལར། རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་ས་མཚམས་རྩོད་རྙོག་རྐྱེན་གྱིས་འཁྲུག་འཛིང་ཤོར་ཏེ། ཕན་ཚུན་རྡོ་དང་ཁུ་ཚུར་བཞུ་རེས་སོགས་བྱས་ཏེ་ཕྱོགས་གཉིས་ཀྱི་དམག་མི་ ༡༢ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་རྒྱ་གར་དབུས་དམག་གཞུང་གིས་ཕྱི་ཚེས་ ༩ ཉིན། སྣ་ཐོད་ལར་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་ས་མཚམས་རྩོད་རྙོག་གིས་གདོང་ཐུག་བྱུང་སྟེ། ཕན་ཚུན་བར་རྡོ་དང་ཁུ་ཚུར་བཞུ་རེས་སོགས་བྱས་ཏེ་གནས་ཚུལ་ཛ་དྲག་པོ་བྱུང་ཡོད་ཀྱང་། ད་ལྟའི་ཆར་རྩོད་རྙོག་དེ་ནམ་རྒྱུན་གྱི་འགྲོ་ལུགས་བཞིན་ས་གནས་དེ་རང་གི་དམག་མིའི་ལས་ཁུངས་ནས་ཞི་འཇགས་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག

དེ་བཞིན་ས་གནས་དེ་རང་གི་དམག་ཁོངས་ནས་བརྗོད་པ་ལྟར་ན། ཐེངས་འདིར་ཕྱོགས་གཉིས་ཀྱི་དམག་མིའི་བར་འཁྲུག་འཛིང་དོན་རྐྱེན་བྱུང་དོན། རྒྱ་ནག་གི་དམག་མི་ཕྱོགས་གཉིས་ཀྱི་དབང་སྒྱུར་ངེས་གཏན་འོག་ཡོད་པའི་ས་མཚམས་བརྒལ་ནས་འཛུལ་ཡོང་བས་ཡིན་པ་དང་། འཁྲུག་འཛིང་དེ་ནི་ནམ་རྒྱུན་ལྟ་བུ་ཡིན་སྟབས་ཁོ་ཚོས་གནས་ཚུལ་ཛ་དྲག་པོ་དེ་འདྲར་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་འདུག

ཡང་རྒྱ་གར་དཔལ་འབྱོར་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཕྱི་ཚེས་ ༥ དང་༦ གཉིས་ལ་ལ་དྭགས་དཔལ་མགོན་མཚོ་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ། ཕྱོགས་གཉིས་ཀྱི་དམག་མི་ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། གནས་ཚུལ་དེ་ཡང་ས་གནས་དེ་རང་གི་དམག་ཁུལ་དཔོན་རིགས་བར་དངོས་སུ་ཐུག་འཕྲད་ཀྱིས་ཞི་འཇགས་བྱུང་ཡོད་ཀྱང་། མི་རིང་བར་ཕྱོགས་གཉིས་ཀྱི་མཐོ་རིམ་དཔོན་རིགས་བར་འཁྲུག་རྩོད་དེ་རིགས་སྐོར་ལ་གྲོས་མོལ་བྱ་རྒྱུ་བྱས་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་ཡང་ཡང་བྱུང་གི་ཡོད་པ་དང་བསྟུན། ཕྱོགས་གཉིས་ཀྱི་ས་མཚམས་གཏན་སྲུང་ཤུགས་རུ་གཏོང་བཞིན་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་འདི་ལོར་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་དང་མཉམ་དུ། རྒྱ་ནག་གི་ས་མཚམས་ཁག་གི་ས་ཁྲ་རིགས་བསྒྱུར་བཅོས་བཏང་སྟེ། ཨ་རི་ནཱ་ཅལ་དང་ལ་དྭགས་ཀྱི་ས་ཁུལ་ཁག་རྒྱ་ནག་གི་མངའ་ཁོངས་སུ་བཅུག་པ་སོགས། རྒྱ་དཀར་ནག་གི་ས་མཚམས་བདག་དབང་སྐོར་ནས་རྩོད་རྙོག་ཅིག་ལངས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་རྐྱེན་གྱིས་ཕྱོགས་གཉིས་ཀྱི་དམག་མའི་བར་འཁྲུག་འཛིང་ཤོར་བ་ཐེངས་དང་པོ་མ་ཡིན་པར། སྔར་ལོའི་ཕྱི་ཟླ་ ༩ ནང་ལ་དྭགས་དཔལ་མགོན་མཚོའི་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་མིའི་བར་ཁ་རྩོད་དང་ལག་འཛིང་ཤོར་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་འབྲས་ལྗོངས་ས་མཚམས་སུ་ས་མཚམས་རྩོད་རྙོག་གི་གནས་ཚུལ་ཛ་དྲག་ཆགས་ཏེ། ཕྱོགས་གཉིས་ཀྱི་དམག་མིས་དུས་ངེས་མེད་དུ་སྲུང་སྐྱོབ་བྱས་ཏེ་ཟླ་བ་བཞི་ལྷག་སོང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༡༡

Leave a Reply

One thought on “རྒྱ་དཀར་ནག་གི་དམག་མིའི་བར་འཁྲུག་འཛིང་ཤོར་འདུག

  1. བསོད་ནམས་རྒྱལ་མཚན།

    Wao ! 😂 😂 😂 😅 👍 ཡག་པོ་བྱུང་འདུག ད་དུང་ཁོང་གཉིས་མུ་མཐུད་དམག་ཆེན་གཅིག་རྒྱག་ན་ཡག་པོ་ཡོང་བ། ཝཻ་ ཨ་རོ། དུས་བབ་ཚང་། བོད་དང་རྒྱ་གར་ས་མཚམས་མ་རེད་ཏོ། གསར་དུ་ཆགས་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རེད་ཏོ། ཤར་དར་རྩེ་མདོ་ནས་་་ ནུབ་ལ་དྭགས་ ཟང་དཀར་དང་བཅས་བོད་ཀྱི་ས་རེད་དོ།