སྐད་ཡིག་གཉིས་པའི་དགོས་མཁོ། དགུ་པ།

ནོར་བསམ།

ད་ཐེངས་ཀྱི་རྩོམ་ཡིག་ཚན་པ་འདིའི་ནང་གཙོ་བོ་སློབ་ཁྲིད་ཐབས་ལམ་རིག་པའི་སྐོར་ཅུང་ཟད་འབྲི་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན། དེ་ཡང་གཙོ་བོ་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་འབྲི་ཐབས་བྱ་རྒྱུ་ཡིན་པས་ཀློག་མཁན་རྣམ་པར་ཕན་མི་ཐོགས་ནའང་། དོགས་སློང་ཙམ་ཞིག་ཡོང་རེ་དང་། དེ་ལྟར་མ་བྱུང་ནའང་གནོད་པ་མི་ཡོང་བ་རེ་བ་དང་བཅས་འབྲི་གི་ཡིན། བྱ་གཞག་གང་ཞིག་རྩོམ་ནའང་རབ་བྱུང་ན་གཞན་ལ་ཕན་ཐོགས་ཡོང་བ་དང་། དེ་ལྟར་མ་བྱུང་ནའང་གཞན་ལ་གནོད་པ་མི་སྐྱེལ་བ་བྱེད་དགོས་པའི་བཀའ་དགོངས་བཞིན་དྲན་ཐུབ་ན་དགེ་རྒན་སོགས་ཆེད་ལས་གང་ཞིག་གཉེར་མཁན་ཡིན་ནའང་ཐོག་མའི་ཀུན་སློང་མ་ནོར་བས་བྱ་གཞག་ལེགས་གྲུབ་ཡོང་རྒྱུར་རྨང་གཞི་སྲ་བརྟན་བྱུང་བར་ངོས་འཛིན་བྱེད་ཐུབ།

འོ་ན་ངས་དེ་རིང་སློབ་ཁྲིད་ཐབས་ལམ་རིག་པའི་སྐོར་ལ་ཅུང་ཟད་ག་རེ་བྱས་ཏེ་འབྲི་དགོས་སམ། ལས་དོན་མ་རྩོམ་པའི་སྔོན་ལ་རང་གིས་རང་ལ་དྲི་བ་འདྲི་རྒྱུ་དེ་ཡང་དུས་ཚོད་དང་ནུས་པ་བེད་མེད་དུ་མི་འགྲོ་བའི་ཐབས་ལམ་ཞིག་རེད། ན་ནིང་ཕྲན་གྱིས་ངོ་ཤེས་པའི་དགེ་རྒན་ཞིག་གིས་ཞལ་ནས་བོད་ཡིག་ཐོག་སློབ་ཁྲིད་བྱ་རྒྱུའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ནའང་། སློབ་ཁྲིད་ཐབས་ལམ་གསལ་བའི་གཞུང་ལུགས་མི་འདུག་ཅེས་བརྗོད་པ་ཐོས། ཁོང་ནི་ལོ་མང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན་དང་། བོད་པའི་སྤྱི་ཚོགས་ནང་ཅུང་ཟད་མིང་གྲགས་ཡོད་མཁན་ཞིག་རེད། འོན་ཀྱང་། ངས་ཁོང་གིས་གང་གསུངས་པར་མཐའ་ཅིག་ཏུ་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག དེ་ཡང་བོད་ཀྱི་སློབ་གསོ་རིག་པའི་ནང་སློབ་ཁྲིད་ཐབས་ལམ་རིག་པ་སྟོན་པའི་གཞུང་མེད་པར་ཕྲན་གྱིས་ངོས་ལེན་བྱེད་ཀྱི་མེད། དཔེར་ན། བྱང་ཆུབ་ལམ་རིམ་དང་། ལམ་འབྲས་སོགས་ཀྱི་ཁྲིད་གནང་སྐབས་བཤད་པ་བཞི་དང་། བཤད་ཁྲིད། དམར་ཁྲིད། ཉམས་ཁྲིད་སོགས་སློབ་ཁྲིད་བྱ་སྟངས་མི་འདྲ་བ་མང་པོ་ཡོད་ལ། ད་དུང་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་སློབ་གཉེར་བྱེད་པའི་རིམ་པ་ཧ་ལས་པ་ཡག་པོ་ཡོད། ཡིན་ནའང་། དེང་སྐབས་ནང་པའི་ཚན་རིག་དང་དེང་དུས་ཚན་རིག་དབར་ནང་པའི་མཁས་པ་དགེ་བཤེས་རྣམ་པ་དང་དེང་དུས་ཚན་རིག་བ་དབར་ལ་བགྲོ་གླེང་གནང་སྐབས་བོད་ཀྱི་དགེ་བཤེས་རྣམ་པར་ཉམས་ལེན་རྒྱུད་ཐོག་ལ་སྦྱར་ནས་གསུང་རྒྱུ་མང་པོ་ཡོད་ནའང་། གཏམ་བཤད་དང་སློབ་ཁྲིད་གནང་སྟངས་ཐད་དེང་དུས་ཚན་རིག་པ་ཚོ་མི་འདྲ་བ་འདུག་ཅེས་གདན་སའི་དགེ་བཤེས་ལགས་ཤིག་གིས་བརྒྱུད་ལམ་ཁག་ནང་ལ་གསུངས་པ་ཐོས་པས་བསམ་བློ་གཏོང་དགོས་པ་འདུག་ཨང་བསམ་པ་དྲན། འོ་ན། དགེ་རྒན་རྣམ་པས་སློབ་ཁྲིད་བྱ་རྒྱུའི་ནང་དོན་ཤེས་པ་ཙམ་མིན་པར་། སློབ་ཕྲུག་ཚོས་ཁྲིད་བྱའི་ནང་དོན་ཡག་པོ་ཤེས་པར་སློབ་ཁྲིད་ཐབས་ལམ་ཡག་པོ་ཤེས་པ་བྱ་རྒྱུ་ནི་གལ་ཆེན་པོ་མ་ཡིན་ནམ། རང་རེའི་སྟོན་པ་སངས་རྒྱས་ནི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་དང་མོས་པར་གཞིགས་ནས་ཆོས་གསུངས་ཡོད་པ་དེ་ཡང་དགེ་རྒན་ཚོས་སློབ་ཕྲུག་གི་སེམས་ཁམས་དང་། ཤེས་ཚད། ལོ་ཚད་སོགས་རྒྱུས་ལོན་གྱིས་དེ་དག་ལ་གཞིགས་ནས་སློབ་ཁྲིད་བྱ་དགོས་པའི་ལམ་སྟོན་ཞིག་ཅིས་མ་ཡིན།

འདས་པའི་དུས་རབས་མང་པོའི་རིང་ལ་སློབ་ཁྲིད་ཐབས་ལམ་རིག་པར་སྒྱུར་བ་མང་པོ་བྱུང་ཡོད་ལ། མ་འོངས་པར་ཡང་སློབ་ཁྲིད་ཐབས་ལམ་ལ་བསྒྱུར་བ་ཡོང་ངེས། སྐད་ཡིག་གཉིས་པའི་ངོ་བོར་སློབ་ཁྲིད་བྱ་རྒྱུའི་ཨིན་ཡིག་སོགས་སྐད་ཡིག་གང་ཞིག་ཡིན་ནའང་། སློབ་ཁྲིད་ཐབས་ལམ་ཐོག་ལ་དུས་ཚོད་དང་བསྟུན་ནས་བསྒྱུར་བ་བྱུང་དང་བྱུང་མོས་རེད། ང་ཚོས་འདས་པའི་ལོ་ངོ་ ༨༠ རིང་གི་སྐད་ཡིག་གཉིས་པའི་སློབ་ཁྲིད་ཐབས་ལམ་ལ་བལྟས་པ་ཡིན་ན་ལོ་དུས་སོ་སོར་སློབ་ཁྲིད་ཐབས་ལམ་འདྲ་མིན་སྣ་ཚོགས་བེད་སྤྱོད་བཏང་བ་མཐོང་ཐུབ། དེ་བས་གལ་ཆེ་བ་ནི་སློབ་ཁྲིད་ཐབས་ལམ་དེ་དག་རེ་རེར་དམིགས་བསལ་ཁྱད་ཆོས་གང་ཡོད་པ་དང་། དམིགས་ཡུལ་དང་དགོས་པ་རྒྱུ་མཚན་གང་ལ་བརྟེན་ནས་བཟོས་པ། ད་དུང་སློབ་གྲྭ་དང་ལུང་པ་ག་ཚོད་ལ་བེད་སྤྱོད་བྱས་ཡོད་པ་སོགས་ལ་དོ་སྣང་གིས་སློབ་ཁྲིད་ཐབས་ལམ་ཕན་ཚུན་མཚུངས་བསྡུར་དང་། བླང་དོར་བྱེད་ཤེས་པ་དགོས་རྒྱུ་ནི་སློབ་ཁྲིད་ཡར་རྒྱས་འགྲོ་བའི་གཞི་རྩ་ཆགས་ཡོད། དེ་ཡང་ང་ཚོས་སློབ་ཁྲིད་ཐབས་ལམ་སོ་སོའི་བཟང་ངན་གྱི་ཆ་གང་ཡིན་ངོས་འཛིན་ཐུབ་པ་དང་། སློབ་ཁྲིད་ཐབས་ལམ་ཁ་ཤས་གཞན་ལས་ལེགས་པ་ཡོད་པའི་རྒྱུ་མཚན་ཤེས་ཐུབ་པ་དགོས་ལ། ཁ་ཤས་བེད་སྤྱོད་དང་རིན་ཐང་དེ་ཙམ་མེད་ནའང་སྐབས་དེ་དུས་ག་རེ་བྱས་ནས་བེད་སྤྱོད་བཏང་ཡོད་པའི་རྒྱུ་མཚན་ཡང་ཤེས་ཐུབ་པ་བྱེད་དགོས། ད་དུང་རང་ཉིད་ཀྱིས་ཤེས་པ་ཙམ་གྱིས་མི་འགྲིག་པར་དགེ་རྒན་གཞན་དང་། ཆེད་ལས་མཁས་པའི་ལྷན་དུ་གོ་བསྡུར་དང་། དྲི་བ་དྲི་ལན། དགེ་རྒན་ཆེད་ལས་ཡར་རྒྱས་ཡོང་རྒྱུར་སློབ་ཁྲིད་ཐབས་ལམ་སྐོར་ལ་བསམ་ཚུལ་སྤེལ་རེས་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་ལས་ལོ་ལྟར་སློབ་ཁྲིད་ཐབས་ལམ་གཅིག་དང་། སློབ་ཁྲིད་འཆར་གཞི་གཅིག་སློབ་གྲྭར་སློབ་ཕྲུག་གསར་པ་སུ་ཡོང་ལ་བེད་སྤྱོད་གཏོང་རྐྱང་ལས་སློབ་ཕྲུག་གསར་པའི་སེམས་ཁམས་དང་། ཤེས་ཚད། ལོ་ཚད་སོགས་ལ་རྒྱུས་ལོན་གྱིས་སློབ་ཕྲུག་ལ་གཞིགས་ནས་སློབ་ཁྲིད་ཐབས་ལམ་དང་འཆར་གཞི་གསར་པ་བཟོ་མ་ཐུབ་ན་དགེ་རྒན་གྱི་ལས་འགན་བསྒྲུབ་མེད་ལ། སློབ་ཁྲིད་ཆེད་ལས་ཡར་རྒྱས་ཡོང་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུ་ཆགས་ཡོད།

དགེ་རྒན་གྱི་ལས་ཀར་ཞུགས་ཉིན་ནས་ཆེད་ལས་སློབ་གཉེར་བ་ཆགས་ཟིན་པ་དགོས་སྟབས། སྲོལ་རྒྱུན་དང་དེང་དུས། བོད་ལུགས་དང་ཕྱི་ལུགས་ཀྱི་ཤེེས་ཡོན་སློབ་གསོ་རིག་པ་དང་། དམིགས་བསལ་སློབ་ཁྲིད་ཐབས་ལམ་ཐོག་ལ་ཐུགས་སྣང་གིས་རྒྱུན་དུ་དགེ་རྒན་སོ་སོས་སློབ་སྦྱོང་གནང་བ་དང་། སློབ་ཁྲིད་ཐབས་ལམ་གསར་པ་ཇི་སྙེད་ལ་རྒྱུ་མཚན་མཐོང་བའི་ཡིད་ཆེས་མ་སྐྱེས་བར་འཚོལ་ཞིབ་གནང་དགོས་པ་དང་། རྒྱུ་མཚན་དང་ཡིད་ཆེས་བྱུང་བའི་སློབ་ཁྲིད་ཐབས་ལམ་ཁག་དངོས་སུ་སློབ་ཁྲིད་སྐབས་སུ་བེད་སྤྱོད་ཀྱིས་སློབ་ཕྲུག་གིས་སློབ་ཚན་ཡག་པོ་དང་མགྱོགས་པོ་ཤེས་ཐུབ་མིན་སོགས་ལ་བལྟ་དགོས་ལ། གལ་སྲིད་སློབ་ཁྲིད་སྐབས་སུ་ནུས་པ་མ་ཐོན་ན་རང་ཉིད་ཀྱིས་རྒྱུ་མཚན་ལྡན་པ་མཐོང་བ་དང་། ཡང་ན་སློབ་ཁྲིད་ལས་སླ་པོ་བྱུང་བ་ཙམ་གྱིས་མི་འགྲིག་པས་བླང་དོར་བྱེད་ཤེས་པ་གནང་དགོས། དེ་ལྟར་མུ་མཐུད་ནས་ཕྱག་བསྟར་ཐུབ་ན་དགེ་རྒན་མཚན་ཉིད་ཚང་བ་ཞིག་ཡོང་རྒྱུར་རེ་བ་ཆེ་ལ། དགེ་རྒན་རང་ཉིད་དང་སློབ་ཕྲུག་ཕྱོགས་གཉིས་ཀར་ཕན་ཐོགས་རྒྱ་ཆེ་ཡོང་ཐུབ་སྙམ།

སློབ་ཁྲིད་ཐབས་ལམ་ཟེར་པ་ནི་དགེ་རྒན་ཞིག་གིས་ལམ་སེང་བཟོ་ཐུབ་པ་ཞིག་མ་རེད་ལ། དགེ་རྒན་ཞིག་གིས་བསམ་བཏང་དྲན་སྐྱེས་ཀྱིས་སློབ་ཁྲིད་བྱས་པའི་རིམ་པར་སློབ་ཁྲིད་ཐབས་ལམ་ཡིན་ཞེས་བརྗོད་ན་དེ་བས་འགྲིག་གི་མ་རེད། འོ་ན་གང་འདྲ་ཞིག་ལ་སློབ་ཁྲིད་ཐབས་ལམ་ཟེར་རམ་ཞེས་པའི་དྲི་བ་ཞིག་སླེབས་ཀྱི་ཡོད། སློབ་ཁྲིད་ཐབས་ལམ་གང་ཡིན་ནའང་རྒྱུ་མཚན་ལྡན་པའི་འགྲེལ་བརྗོད་བྱེད་རྒྱུ་ཡོད་དགོས་པ་ལས་དགེ་རྒན་སོ་སོས་རང་འདོད་ཀྱིས་སློབ་ཁྲིད་བྱས་ཚད་ཚང་མ་སློབ་ཁྲིད་ཐབས་ལམ་རེད་ཅེས་བརྗོད་མི་ཐུབ་པ་མཁྱེན་དགོས། སློབ་ཁྲིད་ཐབས་ལམ་སྤྱི་དང་། བྱེ་བྲག་སྐད་ཡིག་གཉིས་པའི་སློབ་ཁྲིད་ཐབས་ལམ་སྐོར་ཤེས་པར་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་སློབ་ཁྲིད་ཐབས་ལམ་སྐོར་བལྟ་ཀློག་སློབ་སྦྱོང་གིས་བསྒྱུར་བ་ཇི་བྱུང་དང་། བསྒྱུར་བ་གང་འདྲ་བྱུང་ཡོད་པ་སོགས་ལ་དོ་སྣང་གིས་དྲི་བ་མང་པོ་སླེབས་ཐུབ་པ་བྱ་དགོས། དཔེར་ན། སྔོན་མ་ཡིན་ན་དགེ་རྒན་དབུས་བཞག་གི་སློབ་ཁྲིད་ཐབས་ལམ་སྟེ་དུས་ཚོད་མང་ཆེ་བ་དགེ་རྒན་གྱིས་བཤད་འབྲི་ཀློག་སོགས་བྱེད་པ་དང་། འཛིན་ཁང་ནང་སློབ་ཕྲུག་ལ་ཉན་བཤད་ཀྱི་གོ་སྐབས་མང་པོ་ཐོབ་ཀྱི་མེད། ཡིན་ནའང་། འདས་པའི་ལོ་ངོ་བཅུ་ཙམ་གྱི་ཡར་སྔོན་ནས་བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་དབུས་བཞག་གིས་སློབ་ཁྲིད་ཐབས་ལམ་བེད་སྤྱོད་གཏོང་འགོ་ཚུགས་ཡོད་པས་འཛིན་ཁང་ནང་ལ་དགེ་རྒན་གྱིས་བཤད་རྐྱང་མིན་པར་། སློབ་ཕྲུག་ལ་བཤད་ཉན་འབྲི་ཀློག་གི་སྦྱོང་བརྡར་བྱ་རྒྱུའི་གོ་སྐབས་མང་པོ་སྤྲོད་ཐོབ་ཡོང་གི་ཡོད་པ་དེ་ནི་སློབ་ཁྲིད་ཐབས་ལམ་ཕྱོགས་ནས་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་ཅེས་བརྗོད་ན་མི་འགྲིག་པ་མེད། གཙོ་ཆེ་ཤོས་དགེ་རྒན་ཚོས་སློབ་ཁྲིད་ཐབས་ལམ་འཚོལ་ཞིབ་དང་སློབ་སྦྱོང་གིས་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་ལྟ་གྲུབ་ལ་བཟང་ཕྱོགས་ནས་བསྒྱུར་བཅོས་གནང་དགོས། ཡང་སྐབས་རེ་དགེ་རྒན་ཚོས་སློབ་ཁྲིད་ཐབས་ལམ་འདྲ་མིན་ཤེས་ནའང་། བེད་སྤྱོད་གཏོང་གི་མེད་ལ། སློབ་ཁྲིད་ཐབས་ལམ་དེ་དག་གི་རྒྱབ་ལྗོངས་དགོས་པ་རྒྱུ་མཚན་ལ་བསམ་བློ་གཏོང་གི་མེད། དེ་ནི་མཐའ་གཅིག་ཏུ་དགེ་རྒན་ཚོས་སྣང་མེད་སྐྱུར་འཇོག་བྱས་པ་རེད་ཅེས་བརྗོད་ཀྱི་མེད་ན། འོན་ཀྱང་ དགེ་རྒན་རྣམས་ཀྱིས་སློབ་ཁྲིད་དང་ཞུ་དག་ལ་ཐུགས་བྲེལ་ཆེ་བས་སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་ཞིབ་དང་། སྦྱོང་བརྡར་གནང་རྒྱུའི་དུས་ཚོད་མེད་པའམ་དུས་ཚོད་མ་བཏོན་པར་བརྟེན་ནས་སློབ་ཁྲིད་ཐབས་ལམ་ཐོག་ལ་སྐྱོན་ཆ་ཡོང་གི་མེད་དམ་དྲན།

དགེ་རྒན་ཚོས་སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་ཞིབ་དང་། སློབ་སྦྱོང་བྱེད་དགོས་དོན་གང་ཡིན་ནམ་སྙམ་མཁན་ཡོད་ན་འདིར་གསལ་བཤད་ཕྲན་བུ་བྱ་རྒྱུར་འབད་ཀྱི་ཡིན། དགེ་རྒན་ཚོས་རང་ཉིད་ཀྱི་སློབ་ཕྲུག་ཚོའི་ཤེས་ཚད་དང་། ལོ་ཚད། དམིགས་བསལ་སློབ་སྦྱོང་བྱེད་སྟངས་དང་དགའ་མོས་ལ་གཞིགས་ནས་སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་ཞིབ་དང་དེ་དག་ལ་སློབ་སྦྱོང་བྱེད་པ་ཡིན་ན་སློབ་ཁྲིད་ཐབས་ལམ་རྙིང་པ་དང་གསར་པའི་ཁྱད་པར་རྟོགས་ཐུབ་པ་དང་། ཕན་ཚུན་ཞིབ་བསྡུར་གྱིས་སློབ་ཕྲུག་གི་ལོ་ཚད་དང་ཤེས་ཚད། དགོས་མཁོ་བཅས་ལ་གཞིགས་ནས་སློབ་ཁྲིད་ཐབས་ལམ་གང་འོས་པ་ཡིན་མིན་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད། ད་དུང་སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་རྒྱུར་བསམ་བློ་གཏོང་རྒྱུའི་རྨང་གཞི་སྲ་བརྟན་བཟོ་ཐུབ་པ་དང་། དགེ་རྒན་རང་ཉིད་ཀྱི་འདས་པ་དང་། ད་ལྟ་སློབ་ཁྲིད་བྱས་པའི་མི་ཚེའི་ནང་ལ་སློབ་ཁྲིད་ཐབས་ལམ་ཕན་ཐོགས་ཆེ་ཤོས་གང་ཡིན་མིན་ངོས་འཛིན་བྱེད་ཐུབ་པ་མ་ཟད། དེ་སྔ་རང་ཉིད་ཀྱིས་བེད་སྤྱོད་བྱས་པའི་སློབ་ཁྲིད་ཐབས་ལམ་ཁག་རྒྱུ་མཚན་དང་དགོས་པ་གང་ལ་བརྟེན་ནས་གསར་གཏོད་བྱས་ཡོད་པ་ཡང་ཤེས་རྒྱུར་ཕན་ཐོགས་ཡོད། སློབ་ཁྲིད་ཐབས་ལམ་ཁག་ནི་སློབ་ཁྲིད་ཀྱི་ཉམས་མྱོང་འདྲ་མིན་བསགས་པ་ལས་ཡོང་ཐུབ་ཀྱི་ཡོད་པས་དགེ་རྒན་རྣམ་པས་སློབ་ཁྲིད་འཆར་གཞི་དང་། སློབ་ཁྲིད་བྱས་པའི་རྗེས་སུ་བརྗེད་བྱང་ངམ་ཉིན་ཐོ་འབྲི་ཉར་གནང་རྒྱུ་ནི་ཧ་ཅང་གལ་ཆེ་ལ་ཕན་ཐོགས་ཡོད་པ་ཞིག་རེད།

ཕྲན་གྱི་རྩོམ་ཡིག་འདི་ཐུགས་སྣང་ཅན་ཚོས་བཀླགས་རྗེས་འདས་པ་དང་། ད་ལྟ་བའི་དུས་སུ་སློབ་ཁྲིད་ཐབས་ལམ་འདྲ་མིན་སྣ་ཚོགས་བྱུང་ཡོད་པ་རྣམས་ངོས་འཛིན་ཐུབ་པ་ཡོང་རེ་བྱེད་ཀྱི་ཡོད་ལ། ད་ལྟ་བེད་སྤྱོད་གཏོང་བཞིན་པའི་སློབ་ཁྲིད་ཐབས་ལམ་ཐོག་ལ་ཐུགས་ཞིབ་གནང་རྒྱུའི་འབོད་བསྐུལ་ཙམ་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད། དེ་བཞིན་གལ་སྲིད་ཀློག་མཁན་ཁྱེད་རང་སྐད་ཡིག་དགེ་རྒན་ཡིན་ན་དོ་བདག་རང་ཉིད་ཀྱིས་སློབ་ཁྲིད་ཐབས་ལམ་ཚད་ལྡན་འཚོལ་ཞིབ་བྱས་ཡོད་མེད་ཞུ་དག་ཐེངས་ཤིག་བྱེད་རྒྱུར་རེ་བ་བྱེད་ཀྱི་ཡོད། ངས་ཀློག་མཁན་རྣམས་ལ་རེ་བ་མང་པོ་ཞུ་འདོན་ནི། རང་ཉིད་ལ་དགེ་རྒན་གྱི་ཉམས་མྱོང་ལོ་ཤས་ལས་མེད་ནའང་། མུ་མཐུད་ནས་དགེ་རྒན་གྱི་ལས་ཀར་ཞུགས་འདུན་ཡོད་ལ། ད་དུང་དེ་བས་ཉམས་མྱོང་ཅན་གྱི་དགེ་རྒན་དང་། མཁྱེན་ཡངས་ཤེས་ཡོན་སློབ་གསོ་སྨྲ་བ་ཚོའི་དྲུང་ནས་ཤེས་ཡོན་སྦྱོང་རྒྱུའི་འདུན་པ་ཆེན་པོ་ཡོད་པས་ཡིན།

ཕྲན་གྱིས་སློབ་ཕྲུག་ཚོར་ཐེངས་མང་པོ་བཤད་མྱོང་བ་དང་། མི་གཞན་གྱིས་ཀྱང་བཤད་པའི་གནས་ཚུལ་གཅིག་དྲན་བསྐུལ་བྱ་འདུན་བྱུང་། སྐད་ཡིག་སྦྱོང་བ་ནི་སྣུམ་འཁོར་གཏོང་སྟངས་སྦྱོང་བ་དང་འདྲ་བ་དང་། སྣུམ་འཁོར་སྦྱངས་ཟིན་རྗེས་སྣུམ་འཁོར་མ་བཏང་པར་བསྡད་ན་སྦྱངས་པའི་དགོས་དོན་མ་བསྒྲུབ་པ་ལྟར་སྐད་ཡིག་ག་རེ་སྦྱངས་ནའང་བེད་སྤྱོད་དམ་ཉིན་རེའི་མི་ཚེའི་ནང་ལ་གོ་སྐབས་སམ་དགོས་མཁོ་ནམ་བྱུང་ལ་བཀོལ་སྤྱོད་མ་བྱས་ཚེ་བེད་མེད་དུ་གྱུར་པས། སྐད་ཡིག་སྦྱངས་པས་དགོས་དོན་མ་བསྒྲུབ་པ་རེད། ད་དུང་རྒྱ་གར་གྱི་སྙན་གྲགས་ཅན་གྱི་རྩོམ་པ་པོ་དང་གཏམ་བཤད་པ་གྲགས་ཅན་ཞིག་གིས། ཡི་གེ་ཀློག་ཤེས་ནའང་མི་ཀློག་མཁན་དང་། ཡི་གེ་ཀློག་མི་ཤེས་མཁན་གཉིས་གཅིག་མཚུངས་རེད་ཅེས་གསུངས་པ་ནི་ཅིས་མི་བདེན། སྣུམ་འཁོར་སྦྱངས་ནས་གཏོང་ཤེས་ན་ས་ཕྱོགས་གང་དུ་འགྲོ་ནའང་བདེ་བླགས་ངང་ནས་འགྲོ་ཐུབ་པ་བཞིན། སྐད་ཡིག་ཡག་པོ་ཤེས་ཀྱི་ཡོད་ན་སློབ་ཚན་གཞན་སྦྱོང་རྒྱུར་དཀའ་ངལ་མེད། དེང་སྐབས་ལེགས་སྦྱར་སྐད་ཡིག་ལ་མཁས་པའི་སྐད་ཡིག་གམ། ཤི་ཟིན་པའི་སྐད་ཡིག་ཞེས་འབོད་མཁན་ཡོད་པ་དེ་ཡང་ལེགས་སྦྱར་སྐད་ཡིག་བེད་སྤྱོད་གཏོང་མཁན་མེད་པར་བརྟེན་བརྗོད་པ་ཡིན་ངེས་པས། དཔལ་ན་ལེནྜའི་གཞུང་ལུགས་སྦྱོང་རྒྱུར་སྐད་ཡིག་ཡག་ཤོས་ཡིན་པ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་སྟངས་ཡག་ཤོས་ནི་སློབ་སྦྱོང་དང་། བེད་སྤྱོད། དེ་ནས་གཞན་ལ་སློབ་ཁྲིད་དེ་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད།

ཉེ་དུས་བརྒྱུད་ལམ་ཞིག་ནས་བྱང་ཨ་རིར་གནས་བཞུགས་དགེ་རྒན་ཟུར་པ་རྒན་ནུབ་པ་འཆི་མེད་ལགས་སུ་བཅའ་འདྲི་ཞུས་པའི་ལེ་ཚན་ཞིག་ནང་སློབ་ཁྲིད་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་ནི་ལས་སླ་པོ་མེད་པ་དང་། སློབ་ཁྲིད་ཐབས་ལམ་གང་བྱུང་བྱུང་གིས་མི་འགྲིག་པར་ཚན་རིག་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་ཞིག་འཚོལ་དགོས། ཞེས་གསུངས་འདུག རྒན་ལགས་ཀྱིས་ཚན་རིག་དང་མཐུན་པ་ཞེས་པ་ནི་བརྟག་དཔྱད་བྱས་ཏེ་ངེས་པ་རྙེད་པ་དང་། རྒྱུ་མཚན་ལྡན་པའི་སློབ་ཁྲིད་ཐབས་ལམ་ཞིག་དགོས་པ་གསུངས་ཀྱི་ཡོད་རེད་དྲན། སྐབས་མང་པོར་སློབ་ཁྲིད་ཐབས་ལམ་གསར་པར་གོ་བ་མ་ལོན་པའམ་སྦྱང་ཆ་མ་རྙེད་པ་དང་། སློབ་ཁྲིད་ཐབས་ལམ་རྙིང་པ་བེད་སྤྱོད་བྱེད་ན་མི་འགྲིག་པ་བརྗོད་པ་ཐོས་པས་ཐེ་ཚོམ་ངང་ལུས་མཁན་དགེ་རྒན་དེ་འདྲ་གཅིག་བྱས་ན་ཡོད་སྲིད། དེ་བས་དེང་སྐབས་དགེ་རྒན་མང་པོ་ཞིག་གིས། གལ་སྲིད་ངས་སློབ་ཁྲིད་ཐབས་ལམ་འདི་དང་དེ་བེད་སྤྱོད་བཏང་ན་ངའི་སློབ་ཕྲུག་གིས་སློབ་ཚན་ཤེས་ཐུབ་ཀྱི་རེད། ཅེས་བརྗོད་པ་ལས། སློབ་ཁྲིད་ཐབས་ལམ་ནི་སློབ་ཕྲུག་གི་ཤེས་ཚད་དང་། ལོ་ཚད། དགའ་མོས་ལ་གཞིགས་ནས་གསར་གཏོད་དང་འཚོལ་ཞིབ། བེད་སྤྱོད་བྱེད་དགོས་པ་དྲན་མཁན་དང་བརྗོད་མཁན་ཉུང་ཉུང་མིན་ནའང་། མང་པོ་དེ་བས་མ་རེད་སྙམ་མོ། །

འབྲེལ་ཡོད་རྩོམ་ཡིག

སྐད་ཡིག་གཉིས་པའི་དགོས་མཁོ། དང་པོ།

སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།

སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བཞི་པ།

སྐད་ཡིག་གཉིས་པའི་དགོས་མཁོ། ལྔ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། དྲུག་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བདུན་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བརྒྱད་པ། 

མུ་མཐུད།

བསྐྱར་བཅོས།: ༢༠༢༠/༠༥/༡༡

Leave a Reply