རྒྱ་ནག་གཞུང་ལ་ཁྲིམས་ཀྱིས་ཁ་གཏད་གཅོག་འཆར་འདུག

རྒྱ་ནག་སྐམ་སའི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ཝང་ཆན་ཀྲང་ལགས་ནས་ཁྲིམས་ཁང་གིས་ཉེས་དོན་ཞིབ་བཤེར་གྱི་ཁྲིམས་སྒྲིག་ལ་རྡོག་རོལ་བཏང་ཡོད་པའི་གནད་དོན་ཁྲིམས་གཏུག་གནང་འཆར་ཡོད་འདུགདེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རང་ཀློད་གྲོལ་ཐོབ་པའི་རྒྱ་ནག་གི་ཁྲིམས་རྩོད་པ་དང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཝང་ཆན་ཀྲང་གིས། ཁོང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ནག་ཉེས་གཡོགས་པ་དེར་ཁྲིམས་ཐོག་རང་ནས་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བརྗོད་དེ། ཁོང་གིས་ཁྲིམས་གཏུག་གནང་འཆར་ཡོད་འདུག

སྐུ་ཞབས་ཝང་ཆན་ཀྲང་གིས། རྒྱ་ནག་གི་ཁྲིམས་ཁང་དེ་ཚོས་ཁོང་ལ་ཞིབ་དཔྱོད་ཉན་ཞིབ་ཀྱི་གོ་སྐབས་དང་ཁྲིམས་རྩོད་པ་མེད་པར་ལོ་གསུམ་ལས་མང་བ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་ཁབ་ཀྱི་ཉེས་དོན་ཞིབ་བཤེར་གྱི་ཁྲིམས་སྒྲིག་ལ་རྡོག་རོལ་བཏང་བ་ཞིག་ཡིན་སྐོར་དང་། འདས་པའི་ལོ་མང་རིང་ནས་ཁོང་གིས་ཁྲིམས་བཤེར་གྱི་བརྒྱུད་རིམ་དྲང་བདེན་ཡོང་རྒྱུར་འབད་བརྩོན་བྱས་ཡོད་ཀྱང་། ད་ཐེངས་དྲང་བདེན་མ་ཡིན་པའི་གྱོད་དོན་ཞིག་རང་གི་མགོ་ཐོག་ཏུ་ལྷུང་སོང་བ་དང་། རང་ཉིད་ནས་དངོས་ཡོད་འཚོ་བའི་ཁྲོད་འདི་ལྟ་བུའི་དྲང་བདེན་མ་ཡིན་པའི་གྱོད་དོན་ལ་ཁ་གཏད་ཇི་ལྟར་གཅོག་དགོས་མིན་གསལ་སྟོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་ཁོང་གིས། ལོ་མང་རིང་ནས་ཁོང་གིས་ཉེས་མེད་ལ་ནག་ཉེས་མི་ཕོག་རྒྱུར་འབད་བརྩོན་བྱས་ཡོད་པ་དང་། ཁྲིམས་རྩོད་པ་གཞན་དང་མི་འདྲ་བར་ཁོང་གིས་ཐེངས་མང་དྲང་བདེན་མ་ཡིན་པའི་གྱོད་དོན་རིགས་བཀག་འགོག་བྱས་ཐུབ་ཡོད་སྐོར་དང་། ད་ཐེངས་ཁོང་རང་གིས་སྤྱི་དམངས་རྣམས་ལ་ཁྲིམས་ཁང་གི་ལས་བྱེད་ཚོས་ཇི་ལྟར་ཉེས་དོན་ཞིབ་བཤེར་ཁྲིམས་སྒྲིག་རྡོག་རོལ་བཏང་ཡོད་པ་ཤེས་སུ་འཇུག་རྒྱུ་ཡིན་པ་མ་ཟད། ཁྲིམས་སྒྲིག་གཏོར་མཁན་ངོ་མ་དེ་ཚོར་འགན་འཁུར་དུ་འཇུག་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ད་ལྟ་རང་ལོ་ ༤༤ ཡིན་པའི་སྐུ་ཞབས་ཝང་ཆན་ཀྲང་ནི་ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༡༥ ལོར་སྤེལ་བའི་རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་རྡུང་རྡེག་གཏོང་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཁྲོད་འཛིན་བཟུང་བཀག་ཉར་བྱས་པའི་ཁྲིམས་རྩོད་པ་ ༣༠༠ ཁྲོད་ཀྱི་གཅིག་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་བཙོན་འཇུག་བྱས་ཀྱང་ལོ་གསུམ་དང་ཕྱེད་ལྷག་རིང་ཁོང་ལ་ཁྲིམས་རྩོད་པར་ཐུག་ཏུ་བཅུག་མེད་པ་དང་། ཁྲིམས་བཤེར་གྱི་གོ་སྐབས་ཀྱང་སྤྲད་མེད། མཐར་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས། ་ཁོང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ངན་བྱུས་འཐེན་བཞིན་ཡོད་པའི་ནག་ཉེས་གཡོགས་ཏེ་ལོ་ ༤ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

སྐུ་ཞབས་ཝང་ཆན་ཀྲང་གི་ཁྲིམས་རྩོད་པ་ཁྲེང་ཧའེ་ (Cheng Hai) ཡིས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༥ ནས་ ༢༠༡༨ བར་ཁོ་པས་སྐུ་ཞབས་ཝང་ཆན་ཀྲང་གི་ཆེད་དུ་ཁྲིམས་རྩོད་པ་ ༥ བཀོད་སྒྲིག་བྱས་ཡོད་ཀྱང་ཚང་མར་ཐུག་འཕྲད་བྱས་བཅུག་མེད་པ་མ་ཟད། ཁོ་རང་ཉིད་ལའང་སྐུ་ཞབས་ཝང་ཆན་ཀྲང་ལ་ཐུག་འཕྲད་དང་གྱོད་དོན་གྱི་ཡིག་ཆ་དག་ལ་བལྟ་རུ་བཅུག་མེད་སྐོར་དང་། བཙོན་འཇུག་གི་དུས་ཡུན་རིང་ཉེན་རྟོག་པས་སྐུ་ཞབས་ཝང་ཆན་ཀྲང་ལ་མནར་གཅོད་བཏང་དྲགས་ཏེ། ཝང་ཆན་ཀྲང་གིས་ཐེངས་གཉིས་ལ་རང་སྲོག་གཅོད་རྩིས་བྱས་ཡོད་ཡོད་སྐོར་བརྗོད་ཡོད་འདུག ཡིན་ན་ཡང་སྐུ་ཞབས་ཝང་ཆན་ཀྲང་གིས་ཁོ་རང་གིས་མྱངས་པ་དག་ཧ་ཅང་སྡུག་པོ་ཡིན་ཡང་། ཁྲིམས་རྩོད་པ་གཞན་གྱིས་མྱངས་པའི་དཀའ་སྡུག་དང་བསྡུར་ན་དེ་དག་གླེང་རིན་མེད་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

དབྱིན་ཡུལ་གྱི་རྒྱལ་པོའི་མཐོ་སློབ་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དང་ཁྲིམས་ཀྱི་སློབ་དཔོན་ཨེ་ཝ་པིལ་སི་ (Eva Pils) ཡིས། སྐུ་ཞབས་ཝང་གི་རྒྱ་ནག་གི་ཁྲིམས་ཁང་ལ་ཁ་གཏད་གཅོག་རྒྱུ་དེ་ལས་སླ་མོ་ཞིག་མིན་ཡང་། གཅིག་བྱས་ན་ལམ་ལྷོངས་ཡང་འབྱུང་མི་སྲིད་པ་ཞིག་མིན་མོད། དེ་ནི་སྲིད་དབང་འགོག་རྒོལ་ལས་འགུལ་གྱི་རྣམ་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་ཨ་རིའི་ནེའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དང་ཁྲིམས་ཀྱི་སློབ་དཔོན་ཇེ་རོ་མི་ཁོ་ཧན་(Jerome Cohen) གྱིས་ཀྱང་། སྐུ་ཞབས་ཀྲང་ལ་དྲང་བདེན་མ་ཡིན་པའི་ཉེས་དོན་ཞིབ་བཤེར་གྱི་བརྒྱུད་རིམ་མང་པོར་ཁ་གཏད་གཅོག་རྒྱུའི་ནུས་པ་ཡོད་ཀྱང་། རྒྱལ་ཁབ་ཕྱི་ནང་ནས་རྒྱབ་སྐྱོར་ཆེན་པོ་མ་འཐོབ་ཚེ་རྒྱལ་ཁ་འཐོབ་རྒྱུ་དཀའ་མོ་ཡིན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༡༡

Leave a Reply