རི་བོ་ཇོ་མོ་གླང་མའི་ཆགས་ཡུལ་རྩོད་པ།

བོད་བལ་ས་མཚམས་སུ་ཁེལ་བའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་ཆགས་ཡུལ་རྒྱ་ནག་ཡིན་སྐོར་བརྗོད་པ་དེར་བལ་ཡུལ་གྱི་མི་སོགས་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཏེ་བསྐྱར་བཅོས་བྱེད་དགོས་བྱུང་།རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་(CGTN) གི་སྤྱི་ཚོགས་དྲ་ལམ་དུ། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་རྒྱ་ནག་ནང་ཡོད་ཚུལ་བརྗོད་རྗེས།  སྤྱི་ཚོགས་དྲ་ལམ་ཁག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པར་བརྟེན། བོད་ས་བཙན་བཟུང་བྱས་རྗེས་ཀྱི་རྒྱ་བལ་གཉིས་ཀྱི་གྲོས་ཆིངས་གཞིར་བཟུང་ཇོ་མོ་གླང་མ་རྒྱ་བལ་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད་སྐོར་གྱི་གནས་ཚུལ་བསྐྱལ་བཅོས་བྱས།

རྒྱ་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཇོ་མོ་གླང་མའི་འདབས་རོལ་གྱི་པར་འགའ་ཊི་ཝེ་ཊར་སྤྱི་ཚོགས་ཚོགས་དྲ་ལམ་དུ་སྤེལ་ཏེ། ཕྱི་ཟླ་ ༥ ཚེས་ ༡ ཉིན་རྒྱ་ནག་གི་བོད་ལྗོངས་ནང་ཡོད་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་སྟེང་ཉི་མའི་འོད་ཀོར་ཕུབ་པ། ཞེས་བྲིས་ཡོད་པར་བརྟེན། སྤྱི་ཚོགས་དྲ་ལམ་ཁག་ཏུ་རི་བོ་ཇོ་མོ་གླང་མ་བལ་ཡུལ་ནང་ཡོད་པ་ལས་རྒྱ་ནག་གི་བོད་ལྗོངས་ནང་མེད་པ་དང་། རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་མ་སྤེལ་གྱི་ཡོད་པ་མཚམས་འཇོག་དགོས་པ། རི་བོ་ཇོ་མོ་གླང་མ་ནི་དུས་ནམ་ཡང་བལ་ཡུལ་བ་ཚོའི་སྤོབས་པ་ཡིན་པ་དང་། བལ་ཡུལ་ཡང་བོད་ལྟར་རྒྱ་ནག་གཞུང་གིས་རིམ་གྱིས་བཙན་བཟུང་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་དེ། བལ་ཡུལ་གཞུང་གིས་གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་ལ་ལན་འདེབས་དང་མི་མང་ལ་གསལ་བཤད་ཅིག་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། བལ་ཡུལ་གཞུང་ནས་ད་བར་ལན་འདེབས་གསལ་བཤད་གང་ཡང་བྱེད་ཐུབ་མེད་འདུག

ཡིན་ནའང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་འགྲོ་བཞིན་པར་བརྟེན། ཁ་སང་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་ཊུའུ་ཝེ་ཊར་སྤྱི་ཚོགས་བརྒྱུད་ལམ་གྱི་གནས་ཚུལ་བསུབ་སྟེ། རྒྱ་བལ་ས་མཚམས་སུ་ཆགས་པའི་རི་བོ་ཇོ་མོ་གླང་མ་ཞེས་བྲིས་ཏེ་པར་རྣམས་བསྐྱར་འགོད་བྱས་ཡོད་འདུག

དེ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཀེ་ཚེ་རིང་ལགས་ཀྱིས། ཧ་ལས་དགོས་པ་ཞིག་ལ། ཉིན་གྲངས་བརྒྱད་ཀྱི་རིང་རྒྱ་ནག་གཞུང་གིས་རི་བོ་ཇོ་མོ་གླང་མའི་ཆགས་ཡུལ་རྒྱ་ནག་གི་བོད་ལྗོངས་ཟེར་བ་ནས་རྒྱ་བལ་ས་མཚམས་སུ་སྤོར་འདུག ཅེས་རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་ལ་ཟུར་ཟ་བྱས་པ་དང་། ཡང་ཁོང་གིས། གནས་ཚུལ་འདི་དང་འབྲེལ་ནས་བལ་ཡུལ་བ་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་པར་འབྲེལབ་བྱས་ཡོད་པར་སྣང་། ཅེས་བལ་ཡུལ་བ་རྣམས་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ས་ཚིགས་བསྐྱར་བཅོས་བྱེད་ཐུབ་པར་བྱུང་ཡོད་པ་ལ་བསྔགས་བརྗོད་གནང་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢ ཉིན་ནས་བཟུང་རྒྱ་ནག་རང་བྱུང་གཏེར་ཁ་ལྷན་ཁང་གིས་མི་གྲངས་ ༥༣ ཙམ་དང་། རི་འཛེགས་མི་སྣ་སོགས་ལས་གྲུབ་པའི་རུ་ཁག་ཅིག་རི་བོ་ཇོ་མོ་གླང་མའི་འདབས་སུ་བཏང་སྟེ། ཇོ་མོ་གླང་མའི་མཐོ་ཚད་དང་དེར་སའི་གོ་ལའི་འཐེན་ཤུགས་ཀྱི་ཚད་གཞི་བསྐྱར་དུ་འཇལ་ཡོད་པ་དང་། གོ་ལའི་ས་ཐིག་ཟུང་སྐར་མ་ལག་ (Global Navigation Satellite System) དང་གནམ་རིག་སྐར་དཔྱད་དང་འབྲེལ་བའི་ཞིབ་འཇུག་བྱེད་ཀྱི་ཡོད་འདུག་ལ། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྙོག་གླེང་ཤིན་ཏུ་ཆེ་བའི་རྒྱ་ནག་གི་ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་སྐུད་མེད་དྲ་ལམ་གྱི་རྟེན་གཞིའང་འཛུགས་སྐྲུན་བྱེད་ཀྱི་ཡོད་འདུག

རྒྱ་མཚོ་ངོས་ལས་རྨི་ ༨༨༤༨ ཡས་མས་ཡིན་པའི་རི་བོ་ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཨང་དང་པོ་ཞེས་སྙན་པའི་གྲགས་པ་འབར་ཞིང་། ཡུལ་སྐོར་བའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བཙན་བཟུང་བྱས་ཏེ་བོད་བལ་ས་མཚམས་སུ་རྩོད་རྙོག་རིམ་པ་ཞིག་བྱུང་རྗེས། ཕྱི་ལོ་ ༡༩༦༠ ལོར་རྒྱ་ནག་གཞུང་དང་བལ་ཡུལ་གཉིས་ཀྱིས་ཆིངས་ཡིག་བཞག་སྟེ། རི་བོ་ཇོ་མོ་གླང་མའི་ལྷོ་བརྒྱུད་བལ་ཡུལ་ལ་དབང་བ་དང་བྱང་བརྒྱུད་བོད་ཡུལ་དུ་ཁེལ་ཡོད་པས་རྒྱ་ནག་གཞུང་གིས་བདག་བཟུང་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐི་མན་ཀྲུའུ་རུ་རྒྱ་མི་ ༣༣ གྱིས། བལ་གཞུང་གི་ཁྱིམ་སྡོད་བཀའ་རྒྱར་ཉན་འཇོག་མ་བྱས་པར་ཁྲོམ་སྲང་དུ་ཐོན་ཏེ། ང་རང་ཡུལ་དུ་ལོག་འདོད་འདུག ང་ལ་སྒོར་མོ་མེད་ཟེར་བ་སོགས་ཀྱི་འཕྲེད་བྱང་འཁུར་ཏེ་ཁ་རས་མ་གྱོན་པ་དང་ཕན་ཚུན་བར་རྒྱང་ཐག་མ་བཟུང་བར་བལ་ཡུལ་གཞུང་གི་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས། ཁོ་ཚོ་ཕྱིར་རྒྱ་ནག་ནང་གཏོང་ཐབས་དགོས་པའི་ཁྲོམ་སྐོར་བྱས་ཡོད་པ་དང་། ཉེན་རྟོག་པས་ཡུལ་ཁྲིམས་འཁུར་དགོས་པའི་སྐུལ་མ་བྱས་ཀྱང་ཉན་འཇོག་མ་བྱས་པར་བརྟེན། ཕྱོགས་གཉིས་ཀྱི་བར་འཁྲུག་འཛིང་ཤོར་ཡོད་པ་དང་། རྒྱ་མི་དེ་ཚོས་ཉེན་རྟོག་པར་རྡོ་སོགས་ཀྱིས་གཞུས་པར་བརྟེན། ཕྱོགས་གཉིས་ཀྱི་མི་ ༦ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༡༡

Leave a Reply