འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་དང་ལག་འབྲེལ་བྱས་འདུག་ཟེར།

འཇར་མན་ཕྱི་འབྲེལ་སྤྱི་མཐུན་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ལ་ཏོག་དབྱིབས་རིམས་ནད་མི་ནས་མི་ལ་འགོས་པའི་ཉེན་བརྡ་གཏོང་རྒྱུ་མེད་པའི་སྐུལ་མ་བཏང་ཡོད་སྐོར་བསྒྲགས། ཁ་སང་ཕྱི་ཚེས་ ༡༠ ཉིན། འཇར་མན་དྷར་སི་པེ་གྷིལ(Der Spiegel)བདུན་རེའི་དུས་དེབ་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། འཇར་མན་ཕྱི་འབྲེལ་སྤྱི་མཐུན་གསང་བའི་ལས་ཁུངས་(Federal Intelligence Service)ཞེས་པས་ཞིབ་འཇུག་བྱས་པ་བརྒྱུད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༡ ཉིན་ཞི་ཅིན་ཕིན་སྒེར་ནས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཊི་དྷི་རོ་སི་ཨ་དྷི་ནོམ་(Tedros Adhanom Ghebreyesus)ལ་ཁ་པར་བཏང་སྟེ། ཝུ་ཧན་རིམས་ནད་དེ་མི་ནས་མི་ལ་འགོས་ཀྱི་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་དང་། རིམས་ནད་དེ་ཁྱབ་ཤུགས་ཧ་ཅང་ཆེན་པོ་ཡིན་པའི་(pandemic)ཉེན་བརྡ་གཏོང་རྒྱུ་སོགས་ཕྱིར་འགྱངས་དགོས་པའི་སྐུལ་མ་བཏང་ཡོད་སྐོར་བརྗོད་ཡོད་སྟབས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་ནད་སྔོན་འགོག་ཐད་བདུན་ཕྲག་ ༤ ནས་ ༥ བར་འཕྲོ་བརླག་བཏང་ཡོད་སྐོར་སྐྱོན་བརྗོད་བྱས་འདུག

གསང་བའི་གནས་ཚུལ་དེ་གསར་ལམ་ཁག་ཏུ་ཤུགས་ཆེར་ཁྱབ་རྗེས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གནས་ཚུལ་དེ་གཞི་མེད་དང་བདེན་པ་མིན་སྐོར་བརྗོད་དེ་ངོས་ལེན་བྱས་མེད་པ་མ་ཟད། ཕྱི་ཟླ་ ༡ ཚེས་ ༢༡ ཉིན་ཞི་ཅིན་ཕིན་དང་འཕྲོད་བསྟེན་འགན་འཛིན་བར་ཁ་པར་བརྒྱུད་སྐད་ཆ་བཤད་མྱོང་མེད་པ་དང་། ཕྱི་ཟླ་ ༡ ཚེས་ ༢༢ ཉིན་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་ཕྱོགས་བསྡུས་བྱས་ཡོད་པ་དང་། རིམས་ནད་དེ་མི་ནས་མི་ལ་འགོས་སྲིད་པའི་བསམ་ཚུལ་བཏོན་ཡོད་ལ། དེ་བཞིན་རྒྱ་ནག་གཞུང་ནས་ཏོག་ནད་དེ་མི་ནས་མི་ལ་འགོས་བཞིན་ཡོད་པ་ཕྱི་ཚེས་ ༢༠ ནས་གཏན་ཁེལ་བྱུང་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེ་དང་བསྟུན་རྒྱལ་སྤྱིའི་སྟེང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་དང་ལག་འབྲེལ་བྱས་ཏེ། རྒྱ་ནག་གི་འདོད་མོས་ལྟར་ལས་དོན་བསྒྲུབས་ཡོད་པའི་དོགས་གཞི་བྱེད་མཁན་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། འཇར་མན་(Robert Koch Institute)མཐོ་རིམ་སློབ་གཉེར་ཁང་དང་ཞིབ་འཇུག་ཁང་གིས་ཀྱང་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྐོར་ནས་འཛམ་གླིང་ལ་སྦ་གསང་དང་། དུས་ཚོད་སོགས་ཕྱིར་འགྱངས་བྱས་པའི་གནད་དོན་ཁག་ཅིག་བྱུང་ཡོད་པའི་བདེན་དཔང་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་གི་རིམས་ནད་དེ་ ༢༠༡༩ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༠ ནས་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། ཏོག་དབྱིབས་རིམས་ནད་ཀྱིས་རྒྱལ་སྤྱིའི་འཕྲོད་བསྟེན་གནས་བབ་ལ་ཛ་དྲག་ཆགས་ཡོད་པའི་ཉེན་བརྡ་ཕྱི་ཟླ་ ༡ ཚེས་ ༣༠ བར་བཏང་མེད་པ་རེད།

སྤྱིར་འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་དེ་རྒྱ་ནག་ཝུ་ཧན་ནས་ཁྱབ་བརྡལ་འགྲོ་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱ་ནག་གི་སྨན་པ་དང་རྒྱལ་སྤྱིའི་སྨན་པ་སྐོར་ཞིག་གིས་ཏོག་དབྱིབས་ནད་ཡམས་དེ་ཉིད་འཛམ་གླིང་གི་འཕྲོད་བསྟེན་དཀའ་ངལ་ཞིག་ཏུ་འགྱུར་ཉེན་ཡོད་པའི་སྔོན་བརྡ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་ཀྱང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་དེ་ལྟར་བྱས་མེད་པ་མ་ཟད། ལྷན་ཚོགས་ཀྱི་འགན་འཛིན་ཊེ་ཌོ་རོ་སི་ཨ་དྷ་ནོམ་ (Tedros Adhanom) གྱིས་སྣེ་འཁྲིད་པའི་ཆེད་འཛུགས་ཚོགས་ཆུང་རྒྱ་ནག་ལ་བསྐྱོད་དེ། རྒྱ་ནག་གི་གཞུང་འབྲེལ་མི་སྣར་ཐུག་འཕྲད་ཀྱིས་གནས་སྟངས་ལ་ཞིབ་འཇུག་བྱས་རྗེས། གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་བྱ་འགུལ་ཚགས་ཚུད་སྤེལ་བཞིན་ཡོད་སྐོར་གྱི་བསྔགས་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།

ཕྱིས་སུ་ཏོག་དབྱིབས་ནད་ཡམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་སྟེ་ཅུང་ཛ་དྲག་ལྟ་བུ་ཆགས་སྐབས་ཀྱང་། རྒྱ་ནག་གི་ཐབས་བྱུས་ལ་བསྟོད་བསྔགས་རིམ་པར་བྱས་པར་བསྟེན། རྒྱལ་སྤྱིའི་སྟེང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྐྱོན་བརྗོད་དང་འཕྲོད་བསྟེན་འགན་འཛིན་ལས་གནས་ནས་ཕྱིར་འཕུད་གཏོང་དགོས་པའི་ས་རྟགས་བསྡུ་རུབ་བྱས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཕྱོགས་ནས་ལངས་ཏེ་ལས་ཀ་བྱེད་བཞིན་ཡོད་པ་དང་། ཨ་རིའི་གཞུང་གིས་འཕྲོད་བསྟེན་ལྷན་ཚོགས་ལ་ལོ་ལྟར་སྤྲོད་བཞིན་པའི་རོགས་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་བཏང་བ་མ་ཟད། ཏོག་དབྱིབས་རིམས་ནད་ཐད་ནས་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོདས་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༡༡

Leave a Reply

One thought on “འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱ་ནག་དང་ལག་འབྲེལ་བྱས་འདུག་ཟེར།

  1. བསོད་ནམས་རྒྱལ་མཚལ།

    😂 😂 😂 😅 👍 ད་ ད་ཆ་རྒྱ་དམར་གྱི་རྐུབ་ལྡག་མཁན་རྒྱལ་ཁབ་ག་རེ་ CORONA 🦠 ཡིས་ གཉིད་སད་ཤི་ད།