ཨོ་མན་ནང་དྲུག་བཞིའི་རྗེས་དྲན་ལས་འགུལ་བཀག་འགོག་བྱས།

འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་ཨོ་མན་ནང་དྲུག་བཞིའི་རྗེས་དྲན་ལས་འགུལ་སྤེལ་ཡོད་ཀྱང་འདི་ལོར་ས་གནས་སྲིད་གཞུང་གིས་བཀའ་འཁྲོལ་ཕྱིར་བསྡུ་བྱས་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨོ་མན་ནང་འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་ཡུལ་དེའི་དམངས་གཙོ་འཕེལ་རྒྱས་མཉམ་འབྲེལ་སྲིད་དོན་ཚོགས་པས། ལོ་རེའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་རྗེས་དྲན་སླད། དོན་རྐྱེན་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཞིག་བྱེད་སྲོལ་ཡོད་ཀྱང་། ཁ་སང་ཨོ་མན་དམིགས་བསལ་འཛིན་སྐྱོང་གི་སྲིད་འཛིན་(Jose Tavare) ལགས་ཀྱིས། ང་ཚོའི་འཛིན་སྐྱོང་ལས་ཁུངས་ཀྱིས། ཁྲིམས་ཀྱི་དབང་ཚད་གཞིར་བཞག་ཚད་མཐོའི་བཀའ་ཁྱབ་བཏང་སྟེ་ཐག་གཅོད་འདི་བླངས་པ་ཡིན། ཞེས་བརྗོད་ཡོད་པ་དང་། ད་རེས་ནི་ཨོ་མན་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གྱི་ལས་འགུལ་བཀག་འགོག་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

སྤྱིར་དམངས་གཙོ་འཕེལ་རྒྱས་སྲིད་དོན་ཚོགས་པར་འདི་ལོའི་ལོ་མགོ་ནས་བཟུང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་བྱེད་ཆོག་པའི་ཆོག་མཆན་ཐོབ་ཡོད་ཀྱང་། འཛིན་སྐྱོང་ལས་ཁུངས་ཀྱིས་བདུན་ཕྲག་སྔོན་མའི་ནང་གློ་བུར་དུ་བཀའ་འཁྲོལ་ཕྱིར་བསྡུ་བྱས་པ་ཞིག་ཡིན་པ་དང་། རྗེས་དྲན་དེ་གོ་སྒྲིག་བྱེད་མཁན་དང་གྲོས་ཚོགས་འཐུས་མི་ (Ng Kuok Cheong)ལགས་ཀྱིས། གཞུང་གི་ཆོག་མཆན་ཕྱིར་བསྡུ་བྱས་པ་ནི་ཆབ་སྲིད་དང་སྨྲ་བརྗོད་རང་དབང་ཐོག་དྲག་རྒོལ་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག

དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་པར་རིས་འགྲེམས་སྟོན་ལས་འགུལ་དེ་ལོ་རྟག་པར་ཨོ་མན་སི་ནཱ་ཌོ་སུམ་མདོ་རུ་(Senado Square)སྲུང་གཙི་གནང་གི་ཡོད་པ་དང་། པར་རིས་འགྲེམས་སྟོན་ཚར་རྗེས་མར་མེའི་གོམ་བགྲོད་གནང་སྲོལ་ཡོད་ནའང་། འདི་ལོར་པར་རིས་འགྲེམས་སྟོན་ཕར་ཞོག་ཐ་ན་མར་མེའི་གོམ་བགྲོད་ཀྱང་བྱེད་དུ་མི་འཇུག་པའི་སེམས་འཚབ་ཡོང་གི་ཡོད་འདུག

ལོ་རྟག་པར་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་སླད་མར་མེའི་གོམ་བགྲོད་གནང་སྲོལ་ཡོད་པ་མ་ཟད། མར་མེའི་གོམ་བགྲོད་དེར་མི་མང་བརྒྱ་ཕྲག་མང་པོས་མཉམ་ཞུགས་གནང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༡༡

Leave a Reply