རྒྱ་གཞུང་གིས་སློབ་དཔོན་ཆེན་མོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས།

རྒྱ་ནག་ཤར་ཕྱོགས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་ཞིག་གིས་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཐད་འཐུས་ཤོར་དང་རྒྱ་ནག་ནང་སྨྲ་བརྗོད་རང་དབང་དགོས་པའི་རྩོམ་ཡིག་བྲིས་རྗེས་འཛིན་བཟུང་བཙན་ཁྲིད་བྱས་འདུགཁ་སང་ཕྱི་ཚེས་ ༡༡ ཉིན། རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཤར་ཕྱོགས་ཆབ་སྲིད་དང་ལོ་རྒྱུས་ཚན་རིག་(East China University)གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་དང་། སྤྱི་དམངས་ཁྲིམས་རྩོད་པ་སྐུ་ཞབས་ཀྲང་ཞའོ་ཀྲུང་(Zhang Xuezhong)ལགས་ཀྱིས། རྒྱ་ནག་དམར་ནག་ཤོག་ཚོགས་པའི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བ་དང་བསྟུན། སྒེར་གྱི་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་སྟེང་རྒྱ་ནག་གཞུང་གིས་ཝུ་ཧན་ཏོག་དབྱིབས་རིམས་ནད་སྔོན་འགོག་འཐུས་ཤོར་ཕྱིན་ཡོད་པ་དང་། རྒྱ་ནག་ནང་སྨྲ་བརྗོད་རང་དབང་དགོས་གལ་ཆེ་བ་སོགས་ཀྱི་ཡོངས་ཁྱབ་ཞུ་ཡིག་ཅིག་བྲིས་པར་བརྟེན་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་ཁོང་གི་གྲོགས་པོ་རང་དབང་ཆབ་སྲིད་དབྱེ་ཞིབ་པ་དང་རྩོམ་པ་པོ་ཝན་ཁི་ཇན(Wen Kejian)གྱིས། ཀྲང་ཞའོ་ཀྲུང་གིས་ཕྱི་ཚེས་ ༩ ཉིན་ཁོ་རང་གི་སྐད་འཕྲིན་དྲ་ལམ་དུ་ཚོགས་ཆེན་གཉིས་ལ་ཆེད་དམིགས་ཀྱིས་རྒྱ་ནག་ནང་ཆབ་སྲིད་འགྱུར་བཅོས་དགོས་པ་དང་། ཚོགས་ཆེན་གཉིས་ཀྱི་འཐུས་མི་ཚོས་རྩ་ཁྲིམས་ལ་འགན་འཁུར་དགོས་པ་སོགས་ཀྱི་ཡོངས་ཁྱབ་ཞུ་ཡིག་བྲིས་པར་བརྟེན། ཕྱི་ཚེས་ ༡༠ ཉིན་ཉེན་རྟོག་པ་གསུམ་ཡོང་ནས་ཧྲང་ཧེ་རུ་ཡོད་པའི་ཁོ་རང་གི་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ཡང་ཀྲང་གི་གྲོགས་པོ་གཞན་ཞིག་ནས་ཁོང་གིས་ཡོངས་ཁྱབ་ཞུ་ཡིག་དེ་བྲིས་རྗེས། གནས་བབ་ཛ་དྲག་པོའི་སྐབས་འདི་ལྟ་བུར་རྩོམ་ཡིག་དེ་ལྟ་བུ་འབྲི་མི་རུང་བ་བཤད་ན་ཡང་། རྩོམ་ཡིག་དེ་བྲིས་རྗེས་ཁོང་ལ་གནས་ཚུལ་ཞིག་བྱུང་རྒྱུ་ཡིན་པ་ཁོང་གི་སེམས་ན་གྲ་སྒྲིག་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་དངོས་སུ་ཀྲང་ཞའོ་ཀྲུང་གི་སྐད་འཕྲིན་སྟེང་འབྲེལ་བ་ལན་མང་བྱས་ཀྱང་ལན་སྤྲོད་མཁན་མ་བྱུང་སྐོར་བརྗོད་ཡོད་པ་དང་། ཁོང་གི་ཡོངས་ཁྱབ་ཞུ་ཡིག་ནང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཁྲོད་ཕྱི་གསལ་ནང་གསལ་མེད་པ་དང་། ལྷག་པར་དུ་ཝུ་ཧན་ཏོག་དབྱིབས་རིམས་ནད་སྐབས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ལས་མི་མང་ཁྲོད་དམ་དྲག་དང་ཞིབ་བཤེར་ཤུགས་ཆེར་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཏོག་དབྱིབས་རིམས་ནད་སྐོར་སྦ་གསང་བྱས་པ་མ་ཟད། ཏོག་ནད་བྱུང་རྗེས་སྲིད་གཞུང་གིས་མི་མང་ལ་རིམས་ནད་སྐོར་ནས་ལམ་སྟོན་དང་ཉེན་བརྡ་གང་ཡང་བྱས་མེད་པ་དང་། གནད་དོན་དེ་ནི་མི་མང་གི་བདེ་འཇགས་དང་ཚེ་སྲོག་རྩ་ཆེན་ཡིན་པར་འགན་མ་འཁུར་བ་ཞིག་ཡིན་སྐོར་བྲིས་ཡོད་འདུག

ཡང་ཁོང་གིས་མུ་མཐུད། ཏོག་དབྱིབས་རིམས་ནད་བྱུང་བ་དང་རང་དབང་གསར་འགོད་པ་རེ་གཉིས་ཀྱིས་གསར་འགྱུར་བཏོན་པ་ལས། ཆེད་མཁས་སྨན་པ་སོགས་ཀྱིས་མི་མང་ལ་ལམ་སྟོན་དང་ཉེན་བརྡ་གང་ཡང་མེད་པ་དེས། རྒྱ་ནག་གཞུང་གིས་མི་སེར་དང་སྤྱི་ཚོགས་ཡུན་རིང་སྟངས་འཛིན་དང་དམ་དྲག་བྱས་ཡོད་པ་དང་། གནད་དོན་དེས་རྒྱ་ནག་སྤྱི་ཚོགས་ཀྱི་ཚོགས་པ་ཁག་དང་མི་སྒེར་གྱིས་ཕན་ཚུན་རོགས་རམ་གྱི་ནུས་པ་མཐའ་གཅིག་ཏུ་ནུས་མེད་བཏང་ཡོད་པ་དང་། རྒྱ་ནག་མི་མང་འཐུས་མི་ཚོས་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁུར་ནས་མི་མང་གི་ཚབ་བྱས་ཏེ། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེང་རབས་རང་བཞིན་གྱི་ལྟ་གྲུབ་ལམ་ལུགས་ལ་ཁྲིད་དགོས་པ་དང་། དེ་བཞིན་འཐུས་མི་ཚོས་འགན་འཁུར་ནས་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཚང་མ་ཀློད་གྲོལ་ཡོང་ཐབས་ལ་འབད་བརྩོན་དགོས་སྐོར་སོགས་བརྗོད་འདུག

སློབ་དཔོན་ཆེན་མོ་ཀྲང་ཞའོ་ཀྲུང་གིས་དྲ་ལམ་དུ་ཡོངས་ཁྱབ་རྩོམ་ཡིག་དེ་སྤེལ་རྗེས། རྒྱ་ནག་གཞུང་གིས་ཁོང་གི་དྲ་ལམ་གྱི་རྩོམ་ཡིག་ལ་དམ་དྲག་དང་སྟངས་འཛིན་བྱེད་མགོ་ཚུགས་ཡོད་ན་ཡང་། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྩོམ་ཡིག་དེ་བརྒྱུད་སྤེལ་དང་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་དང་། ལྷག་པར་དུ་ད་ལྟའི་ཆར་རྒྱ་ནག་གི་ཚོགས་ཆེན་གཉིས་ཟེར་བ་འཚོགས་ལ་ཉེ་བ་དང་བསྟུན། རྒྱ་ནག་ནང་གཞུང་གིས་ཆབ་སྲིད་ལམ་ལུགས་ལ་འགྱུར་བཅོས་དང་མི་མང་ལ་སྨྲ་བརྗོད་རང་དབང་དགོས་པ། འཐུས་མི་ཚོས་རྩ་ཁྲིམས་ལ་འགན་འཁུར་ནས་མི་མང་གི་ཚབ་བྱེད་དགོས་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོང་གི་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཚོགས་ཆེན་གཉིས་ལ་གྲ་སྒྲིག་གི་ཚུལ་དུ་སྔ་ས་ནས་དྲ་ལམ་ཁག་ཏུ་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་བརྗོད་ཚིག་ཁག་ནག་གསུབ་དང་། སྲིད་གཞུང་གི་ལངས་ཕྱོགས་ལ་དོགས་གཞི་ཡོད་པའི་འཐུས་མི་མང་པོ་ཚོགས་ཆེན་གཉིས་ལ་བཅར་མི་ཆོག་པ་སོགས་ཀྱི་གནས་ཚུལ་བྱུང་གི་ཡོད་འདུགརྒྱ་ནག་གཞུང་གིས་ནམ་རྒྱུན་སྲིད་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་ཤེས་ཡོན་པ་ཚོར་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་ལྟར། ལྷག་ཏུ་ཏོག་དབྱིབས་རིམས་ནད་དང་འབྲེལ་ནས་ནམ་རྒྱུན་རྒྱ་ནག་གཞུང་དང་ལྟ་བ་ལངས་ཕྱོགས་མི་མཐུན་པའི་ཤེས་ཡོན་པའི་སྡེ་ལ་སྟངས་འཛིན་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་ཤར་ཕྱོགས་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་མང་པོ་ཞིག་གིས་ཏོག་ནད་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཚོར་རྒྱབ་སྐྱོར་ཡོད་མེད་ཀྱི་ཞིབ་བཤེར་ལྟ་རྟོག་རིགས་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གི་རང་དབང་རྩོམ་པ་པོ་ཧྥང་ཧྥང་(Fang Fang)གིས་ཝུ་ཧན་གྱི་ཉིན་ཐོ་ཞེས་པའི་གློག་བརྙན་ཞིག་བཟོས་པར། ཧུའུ་པའེ་གཙུག་ལག་སློབ་ཆེན་གྱི་རྒྱ་ཡིག་རྩོམ་རིག་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ལེང་ཡན་ཕིན་(Liang Yanping)གྱིས་གློག་བརྙན་དེར་རྒྱབ་སྐྱོར་བྱས་པའི་དོགས་གཞིའི་འོག་ ཞིབ་བཤེར་དང་འདྲི་རྩད་བྱས་ཡོད་པ་མ་ཟད། སློབ་ཆེན་གཞན་ཁག་གི་དགེ་རྒན་རེ་གཉིས་ལ་ཡང་ལྟ་རྟོག་བྱས་ཡོད་འདུག

སློབ་དཔོན་ཆེན་མོ་ཀྲང་ཞའོ་ཀྲུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་སློབ་ཁྲིད་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ལོར་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལམ་ལུགས་དང་རྩ་ཁྲིམས་ལ་སྐྱོན་བརྗོད་བྱས་རྐྱེན། སྲིད་གཞུང་གིས་ཀྲང་ཞའོ་ཀྲུང་གིས་ཆབ་སྲིད་ལྟ་ཚུལ་གྱི་བསམ་བློ་མི་ཡག་པ་དང་། ཁོས་བཙན་ཐབས་ཀྱིས་སློབ་མ་དང་ལས་རོགས་ཚོའི་ཁྲོད་ཁོང་གི་ཆབ་སྲིད་ལྟ་ཚུལ་ཁྱབ་སྤེལ་དང་། ཁོ་རང་གི་གོ་གནས་བེད་སྤྱད་ནས་སློབ་མ་ཚོ་ཆབ་སྲིད་ལྟ་ཚུལ་ལོག་ལམ་དུ་ཁྲིད་བཞིན་ཡོད་པའི་དོགས་གཞིའི་འོག་དགེ་རྒན་གྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ཁོང་གིས་མུ་མཐུད་སློབ་ཕྲུག་ཚོར་དྲ་ལམ་བརྒྱུད་སློབ་འཁྲིད་སོགས་བྱེད་བཞིན་ཡོད་པ་དང་། ཀྲང་ནི་ནམ་རྒྱུན་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལངས་ཕྱོགས་ལ་དགག་པ་བྱེད་མཁན་དང་། རྒྱ་ནག་གཞུང་གིས་ལྟ་རྟོག་དང་དམ་དྲག་བྱེད་སའི་ཤེས་ཡོན་པ་ཞིག་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༡༢

Leave a Reply

One thought on “རྒྱ་གཞུང་གིས་སློབ་དཔོན་ཆེན་མོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས།

  1. བུད་དབང་ངག་དབང་བྱང་ཆུབ།

    རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འདི་ཚོས་མི་བསམ་ཡོད་དེ་ཚོ་འཛིན་བཟུངས་བྱ་དུས། ཁོས་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ནག་ཉེས་བྱས་ཚུལ་བཤོད་པ་དང་།འབྱོར་ལྡན་འཛིན་བཟུངས་བྱ་དུས་ལྐོག་ཟ་ཆེན་པོ་བྱས་ཚུལ་བཤོད་པ་རྣམས་རྒྱུན་ལྡན་ལྟ་བུ་ཡིན། མི་ཁྲམ་པ་དང་སྡུག་བཙུབ་ཅན་རྣམ་ཁོ་ཚོའི་མཐོང་ཆེན་བྱ་ཡུལ་དང་། འགོ་ཁྲིད་ཚོར་ཆེད་སྟོད་དང་མི་མངས་ལ་ཐུབ་གཙོད་བཏོང་མཁན་ཞིག་ཡིན་ན་ཀྲུང་གོའི་ལས་བྱེད་ཡིན་པས་ཁྱབ་པ་རེད། དུད་རྒན་མའོས་སྔར་གྱི་རྒྱ་ནག་གི་ཡ་རབ་དང་དྲང་བདེན་ལུགས་སྲོལ་ཡོངས་རྫོགས་རྩ་མེད་བཟོས་ཏེ་མང་ཚོགས་དུང་ཕྱུར་བཅུ་བདུན་རང་དབང་མེད་པར་དཀའ་སྡུག་མྱང་ནས་མི་ལོ་བདུན་བཅུ་སོང་ཟིན་པ་རེད། བྱས་ཙང་རྒྱ་ནག་མི་འབོར་དེ་ཙམ་ཡོད་ཀྱང་བློ་གྲོས་དམན་པས་དྲང་བདེན་གཙོད་གླེང་བྱ་མཁན་ཚོར་རྒྱབ་སྐྱོར་བྱ་ཐུབ་མཁན་མེད། དེ་ལྟའི་གནད་ལ་བསམ་བློ་གཏང་ན་ང་ཚོ་བོད་པ་ཟེར་བ་དེ་ལས་སླ་པོ་ཞིག་མིན་པ་མཐོང་གསལ་རེད། བོད་ནང་ནས་རྒྱ་དམར་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་གྲངས་ ༡༥༥ བྱུང་ཟིན་པ་དང་། བོད་ཕྱི་ནང་གནས་འཛམ་གླིང་ཡོངས་ལ་སྐད་འབོད་རིམ་པ་རྒྱག་བཞིན་པ་དང་། མདོར་ན་གཞད་ཚིག་གཅིག་ལས་མེད་ཀྱང་རྒྱ་དམར་ལ་ཁ་ལྟད་ཅོག་པ་དང་། རང་རིགས་ལ་བློབ་གསོ་གཏོང་བ་དང་སེམས་གཤུགས་སྤར་བ་སོགས་བྱ་བཞིན་ཡོད། ད ལྟ་རྒྱ་དམར་ནས་བསམ་ཡོད་རྣམས་འཛིན་བཟུངས་བཙོན་འཇུག་བྱ་མཁན་ཚོའི་རྒྱབ་ལ་ལང་ཐུབ་པ་དགོས་པ་ཧ་ཅང་གལ་ཆེན་ཡིན།།