རྒྱ་རྒན་ཞིག་ལ་རྒྱ་སྒོར་ས་ཡ་ ༤༠༠ ཟོས་པའི་ནག་ཉེས་ཕོག

རྒྱ་ནག་ནང་སྒྲིག་འགལ་ཁྲིམས་འགལ་གྱི་ཉེས་མིང་འོག་འཐུས་མི་ ༡༤ ལྷག་ཚོགས་ཆེན་གཉིས་ལ་བཅར་མི་ཆོག་པ་བཟོས་ཡོད་འདུགཁ་སང་ཕྱི་ཚེས་ ༡༡ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་ཧྲན་ཞི་(Shanxi)ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཟུར་པ་དང་། དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ནང་སྲིད་དང་། ཁྲིམས་འཛིན་ལས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གཞོན་པ་ཀྲོ་ཀྲིན་ཡོང(Zhao Zhengyong)གིས། གོ་གནས་བེད་སྤྱོད་བཏང་སྟེ་ཁོ་དང་ཁོའི་བཟའ་ཟླ་གཉིས་ཀྱིས་རྒྱ་སྒོར་ས་ཡ་ ༤༢༦ ལྷག་ལྐོག་ཟ་དང་ལྐོག་རྔན་བླངས་ཡོད་པའི་ནག་ཉེས་ཡོད་སྐོར་བསྒྲགས་འདུག

གནས་ཚུལ་དེའི་སྐོར་ལ་རྒྱ་ནག་ནུབ་ཕྱོགས་ཀྲེ་ཅང་ཁྲིམས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཀྲོ་ཀྲིན་ཡོང་གིས་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ་མི་གཞན་ལ་ལས་གནས་བཙོང་ནས་ལྐོག་རྔན་བླངས་པ་མ་ཟད། གཞུང་དངུལ་སྤྱད་ནས་བཟོ་གྲྭ་དང་མཉམ་འབྲེལ་གྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་སྐོར་བརྗོད་འདུག་ཀྱང་།  ད་ལྟའི་ཆར་ཀྲོ་ལ་ཁྲིམས་ཆད་ག་རེ་བཅད་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་བཀོད་མེད་ཀྱང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།  ཀྲོ་ཡི་ཞིབ་ཁྲིམས་བཅད་ཁྲ་དང་ནག་ཉེས་སོགས་རྗེས་སུ་ཟླ་ཚེས་གཏན་ཁེལ་གྱིས་ཡོངས་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་ཆབ་སྲིད་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་མཐོ་རིམ་དཔོན་རིགས་མང་པོ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཡོད་སྐོར་བརྗོད་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཀྱང་། མང་པོ་ཞིག་ལ་ད་དུང་ཁྲིམས་ཁང་གི་ཞིབ་དཔྱོད་དང་བཅད་ཁྲ་སོགས་གང་ཡང་མེད་པར་བཞག་ཡོད་ན་ཡང་། ཐེངས་འདིར་ཀྲོ་ཀྲིན་ཡོང་ལ་ཁྲིམས་ཁང་གི་ཞིབ་དཔྱོད་དེ་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་ཧྲན་ཞི་ཞིང་ཆེན་ནང་ལྟ་སྐོར་དུ་སོང་ནས་བདུན་ཕྲག་གཉིས་ཙམ་ལས་མ་སོང་བར་ཕྱིར་བསྒྲགས་བྱས་མ་ཟད། ཞི་ཡིས་ཧྲན་ཞི་རུ་གཏམ་བཤད་སྐབས་ལྐོག་ཟ་རུ་སུངས་ཀྱི་གནད་དོན་རྩ་མེད་བཟོ་དགོས་སྐོར་སོགས་བརྗོད་ཡོད་པ་ལྟར། གནད་དོན་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བ་དང་བསྟུན། ཀྲོ་ཀྲིན་ཡོང་ལྟ་བུའི་མཐོ་རིམ་དཔོན་རིགས་མཐོ་གྲས་ཁག་གི་རྒྱབ་རྩར་ལངས་མཁན་ཚོར་ཉེན་བརྡ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་ཟེར་བ་ཟླ་འདིའི་ཕྱི་ཚེས་ ༢༡ ནས་ཚོགས་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་སྲིད་གཞུང་གི་ལངས་ཕྱོགས་ལ་མོས་མཐུན་མེད་པ་དང་དོགས་གཞི་ཡོད་རིགས་ལ་སྔ་ས་ནས་ཉེས་མིང་འདྲ་མིན་གཡོག་ནས་ཚོགས་ཆེན་ལ་བཅར་བཅུག་གི་མེད་པ་དང་། ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་རླུང་བརྙན་འཕྲིན་ཁང་ཟེར་བས་ཚོགས་ཆེན་གཉིས་ལ་བཅར་མི་ཆོག་པའི་འཐུས་མི་ཁག་གི་མིང་ཐོ་ཡོངས་བསྒྲགས་བྱས་ཡོད་པའི་ཁྲོད། མི་གྲངས་ ༢༠ ཙམ་ཚོགས་ཆེན་གཉིས་ལ་ཞུགས་མི་ཆོག་པ་བཟོས་པ་ལས་དེ་དག་གི་ཁྲོད་ནས་མི་ ༡༣ ལ་ལྐོག་ཟ་རུལ་སུངས་དང་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་འགལ་བའི་ཉེས་མིང་གཡོགས་ཡོད་འདུགཁྲིམས་འགལ་སྒྲིག་འགལ་གྱིས་ཚོགས་ཞུགས་མི་ཆོག་པ་མིང་ཐོའི་ཁྲོད་ཤིན་ཅང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་དང་། ཤིན་ཅང་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཛིན་གཞོན་པ་ལི་ཡུས་དང་། ཀན་སུའུ་ཞིང་ཆེན་ཕིང་ལེང་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་ཀྲུའུ་ཅན་གོ། རྒྱ་ནག་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་འཛིན་ཅང་གོ་ཝུན། ཅི་ལིན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་འགན་འཛིན་ཀྲའོ་ལུང་ཧུའུ། ཡུན་ནན་ཞིང་ཆེན་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ཞུས་ལེ། རྒྱ་ནག་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་མགོ་འཁྲིད་གཞོན་པ་མཱ་ཡེ་ཅང་། ཧུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགན་འཛིན་གཞོན་པ་ཞུས་ཀོང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་དམག་སྤྱི་གཞོན་པ་དང་དྲག་ཇུས་དམག་དཔོན་གྱི་འགན་འཁུར་བ་རའོ་ཁའེ་ཞུན།  རྒྱ་ནག་ནུབ་རྒྱུད་འཐབ་ཁུལ་སྐམ་དམག་གི་དམག་སྤྱི་གཞོན་པ་ཞུས་ཞང་ཧྭ། ཅི་ལིན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཟུར་པ། ཞིབ་དཔྱོད་དཔོན་པོ་དབྱང་ཁེ་ཆིན། ཧའེ་ནན་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་མགོ་ཁྲིད་ཡེ་ཆིང་། ཅང་སུའུ་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་རྒྱུན་ལས་མོང་ཀྲུང་ཁང་། སི་ཁྲོན་ཞིང་ཆེན་དཔལ་འབྱོར་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་མགོ་ཁྲིད་ཐིང་ཀྲང་ཁྲེན་ཤིན་ཡིའུ་བཅས་ཡིན་འདུག

ཀྲོ་ཀྲིན་ཡོང་ནི་ད་ལོ་ལོ་ན་ ༦༨  ཡིན་པ་དང་། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་བྱང་ཤར་རྒྱུད་ཀྱི་ཨན་ཧེ(Anhui)ཞིང་ཆེན་མཱ་ཨན་ཧྲན་(马鞍山)གྲོང་ཁྱེར་དུ་སྐྱེས་ཤིང་། རྒྱ་ནག་གཞུང་འབྲེལ་ལྷོ་ཕྱོགས་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་རྗེས། མཱ་ཨན་ཧྲན་རྣོ་ལྕགས་བཟོ་གྲྭའི་ནང་ལས་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༧༣ ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ན་གཞོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་ནག་ཧང་ཧྲན་(Huangshan)གྲོང་ཁྱེར་དམར་ཤོག་ཚོགས་པའི་ཚོགས་གཙོ་སོགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ནས་རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་དང་ཕྱི་ལོ་ ༢༠༡༠ ནས་ཧྲན་ཞི་ཞིང་ཆེན་གྱི་སྤྱི་ཁྱབ་མགོ་གཙོར་བསྐོས་རྗེས། ཕྱི་ལོ་ ༢༠༡༡ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༨ པའི་མི་མང་འཐུས་མི་དང་ཕྱི་ལོ་ ༢༠༡༢ ལོ་ནས་ཧྲན་ཞི་དམར་ཤོག་ཚོགས་པའི་མགོ་གཙོ་གཞོན་པར་བསྐོས་ཡོད་པ་དང་། ཁོ་ནི་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་རེ་བ་ཆེན་པོ་བྱེད་ས་ཞིག་དང་། ཕྱི་ལོ་ ༢༠༡༦ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་འཐུས་ནང་སྲིད་དང་། ཁྲིམས་འཛིན་ལས་དོན་ལྷན་ཚོགས་ཀྱི་རྒྱུན་ལས་གཞོན་པར་བསྐོས་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ ལོར་ཁྲིམས་འགལ་སྒྲིག་འགལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས།

སྐབས་དེར་རྒྱ་ནག་གི་སྲིད་དོན་དབྱེ་ཞིབ་པ་ཚོས་ཁོས་ཅང་ཙེ་མིན་དང་ཀྲུའུ་ཡོང་ཁཱང་ཕྱོགས་ཁག་གི་ལངས་ཕྱོགས་འཛིན་མཁན་དང་ཁོ་ཚོའི་དུས་སྐབས་ནང་གོ་གནས་ཐོབ་པའི་དཔོན་རིགས་ཡིན་སྟབས། ཞི་ཡིས་ཆམ་ལ་ཕབ་པར་བཤད་པ་དང་། ཁོ་ནི་ཕྱི་ལོ་ ༢༠༡༩ ལོའི་ལྐོག་ཟ་རུལ་སུངས་རྡུང་བརྡེག་འོག་འཛིན་བཟུང་བྱས་པའི་རྒྱ་ནག་གི་སྟག་རྒན་དང་པོ་དེ་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༡༢

Leave a Reply

One thought on “རྒྱ་རྒན་ཞིག་ལ་རྒྱ་སྒོར་ས་ཡ་ ༤༠༠ ཟོས་པའི་ནག་ཉེས་ཕོག

  1. རྣམ་པ་ཚོསད་གསར་འགྱུར་ཁག་རིང་པོ་དང་རྒྱུས་པ་འབྲི་བཞིན་པ་ཡག་པོ་རེད་དེ། གནས་སྐབས་ཀྱི་གསར་འགྱུར་དེ་དག་ངོ་དེབ་སོགས་སུ་ཐུང་ཐུང་བྱས་ཏེ་སྤེལ་ན་ཕན་ཐོགས་ཆེན་པོ་ཡོད་༔ས་རེད། ད་ལྟའི་དུས་ཚོད་ལ་གསར་འགྱུར་རིང་པོ་ཀློག་འདུག་མཁན་ཧ་ཅང་དཀོན་པོ་རེད། བསམ་ཚུལ་ཙམ་ཡིན། རྣམ་པ་ཚོར་འབད་བརྩོན་ལ་ཐུགས་རྗེ་ཆེ་ཞུ།