བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དགོས་པ་བསྐྱར་དུ་ཞུས།

ཕྱི་ལོ་ ༢༠༡༧ ནས་བཟུང་ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐྱར་དུ་བསྐོ་བཞག་གནང་ཐུབ་མེད་པར་བརྟེན་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་གང་མགྱོགས་བསྐོ་བཞག་གནང་དགོས་པའི་ཞུ་སྐུལ་གནང་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆུང་གིས་བསྒྲགས་ཡིག་ཅིག་སྤེལ་བའི་ནང་། ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་བར་བསྐྱར་དུ་ཞུ་སྐུལ་གནང་འདུག་པ་དང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཀྱང་ཞུས་ཡོད་འདུག

བསྒྲགས་ཡིག་དེའི་ནང་། ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དགོངས་དོན་བཞིན། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་ངེས་ཅན་ཞིག་ཡིན་ནའང་། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༠ ཉིན་ནས་བཟུང་དམིགས་བསལ་འབྲེལ་མཐུད་པ་བསྐྱར་དུ་བསྐོ་བཞག་ཐུབ་མེད་ལ། འབྲེལ་མཐུད་པ་སྔ་མ་དག་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གི་གནད་དོན་གོང་མཐོར་གཏོང་པ་དང་། གཞུང་གི་ཐོན་ཁུངས་སྤྱད་དེ་གླེང་སློང་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད་སྟབས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་བར་བསྐྱར་དུ་ནན་སྐུལ་ཞུས་ཡོད་སྐོར་བཀོད་འདུག

གནད་དོན་དེ་དང་འབྲེལ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་འགན་འཛིན་ཟུར་པ་དང་ད་ལྟའི་ཚོགས་མི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡང་སྲིད་ཐད་ཐེ་གཏོགས་བྱེད་པ་དང་། དགོན་སྡེ་ཁག་གི་ནང་མི་རིགས་གཅིག་འགྱུར་གྱི་ཁྲིམས་ལག་བསྟར་དང་དེང་རབས་ཀྱི་ཆེས་མཐོའི་ལྟ་སྲུང་འཕྲུལ་རིག་སྤྱད་དེ་བོད་མིའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་བྱས་ཏེ་རྒྱ་ནག་རང་བཞིན་ཅན་ཏུ་བསྒྱུར་གྱི་ཡོད་སྟབས། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་རྒྱུ་ནི་ཧ་ཅང་ཛ་དྲག་གི་དུས་ཞིག་ཡིན་སྐོར་གསུངས་འདུགདེ་བཞིན་ཚོགས་མི་གྷེ་རི་བྷུར་ (Gary Bauer) ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ཐུན་མིན་གྱི་ངོ་བོ་སྟེ་ནང་བསྟན་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་དང་། ཨ་རིའི་ངོས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་གོ་གནས་སོགས་ཚུད་པའི་བོད་ཐོག་འཛིན་པའི་སྲིད་བྱུས་རྣམས་སྤྱད་དེ། བོད་ནང་གི་བློ་འཚབ་ཆེ་བའི་ཆོས་དད་རང་དབང་གི་ཉེན་ཁ་ལ་གདོང་ལེན་བྱེད་དགོས་སྐོར་གསུངས་འདུག

ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་མ་ཐུབ་པ་ནས་བཟུང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བསྟུད་མར་ཨ་རིའི་འབྲེལ་ཡོད་མི་སྣར་ཞུ་སྐུལ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ནང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་སར་ཕེབས་སྐབས་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དངོས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་སྐུལ་གནང་བ་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༦ ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ ༣༧ གྱིས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ལ་ཨ་རིའི་གཞུང་ནང་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་བཞག་གནང་དགོས་པའི་ཞུ་འཕྲིན་ཞིག་ཕུལ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༡༣

Leave a Reply

One thought on “བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དགོས་པ་བསྐྱར་དུ་ཞུས།

  1. བསོད་ནམས་རྒྱལ་མཚན།

    བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དགོས་པ་བསྐྱར་དུ་ཞུས། 😂 😂 😂 😅 མ་འོང་པར་་་ བུ་ཨ་རིའི་གནོད་མ་བཀལ་ན་ཨའུ་ཙི་རེད། 😂 😂 😂 😅 གཞན་གཅེས་འཛིན་དང་བྱམས་སྙིང་རྗེའི་སློབ་སྦྱོང་ཡོད་མཁན་རྒྱལ་ཁབ་ནི་མེད། ག་རེ་སྒྲ་ཡང་ཐོས་མྱོང་མེད། བྱམས་སྙིང་རྗེའི་སློབ་སྦྱོང་བྱུང་ཁུངས་རྒྱལ་ཁབ་ཐོག་མ་དེ་རྒྱ་གར་ནས་ཡིན། དེ་ཡང་དོར་ཟིན། ད་སུ་ལ་རེ་བ་བཅོལ་ 💐 🙏༄། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེ་དོན་ལྷུན་འགྲུབ་ཤོག །། ཨ་ དུས་བབ་ཚང་ འདི་བཀོད་མི་དགོས་པ་ཅི་ཡིན། སྨྲ་བརྗོད་རང་དབངམེད་པ་རེད་པས་ ?