ཐ་མག་གིས་ཏོག་དབྱིབས་ནད་པར་གནོད་ཚབས་ཆེ་བའི་སྙན་ཐོ་བཏོན།

ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་སྙན་ཐོའི་ནང་ཐ་མག་འཐེན་མཁན་གྱི་ཏོག་དབྱིབས་ནད་པ་ཚོར་ཉེན་ཁ་ཆེན་པོ་ཡོད་སྐོར་བརྗོད་འདུགདེ་རིང་ཨ་རིའི་སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ཞིབ་འཇུག་གྲུབ་དོན་ནང་། ཏོག་དབྱིབས་ནད་པ་གཞན་དང་བསྡུར་ན་ཐ་མག་འཐེན་མཁན་གྱི་ཏོག་དབྱིབས་ནད་པ་རྣམས་ཀྱི་ནད་གཞི་ཛ་དྲག་ཏུ་འགྲོ་རྒྱུ་དང་། ཐ་ན་འཆི་རྒྱུའི་ཉེན་ཁའང་ཆེ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༡༢ ཉིན་སྤེལ་བའི་གཙུག་ལག་སློབ་ཆེན་དེའི་ཐ་མ་ཁ་སྟངས་འཛིན་ཞིབ་འཇུག་དང་ཤེས་ཡོན་ལྟེ་གནས་ཁང་ (Center for Tobacco Control Research and Education) གི་ཞིབ་འཇུག་དེ་གཙོ་བོ་ཨ་རི་དང་། རྒྱ་ནག ལྷོ་ཀོ་རི་ཡ་བཅས་ནས་བཏོན་པའི་ཞིབ་འཇུག་སྙན་ཐོ་ ༡༩ ལ་གཞི་བཞག་ཐོག ཏོག་དབྱིབས་ནད་པ་ ༡༡༥༩༠ བརྟག་དཔྱད་བྱ་ཡུལ་དུ་བདམས་ཏེ། དེ་དག་ཁྲོད་ནས་ནད་པ་ ༢༡༣༣ (༡༨%)གྱི་ནད་གཞི་ཛ་དྲག་ཏུ་གྱུར་ཡོད་པ་དང་། ནད་པ་༧༣༡(༦།༣%) གིས་ཐ་མག་སྤྱོད་མྱོང་ཡོད་ཅིང་། ཐ་མག་སྤྱོད་མྱོང་མཁན་ཁྲོད་ནས་ ༢༡༨ (༢༩།༨%) ཀྱི་ནད་གཞི་ཛ་དྲག་ཏུ་གྱུར་ཡོད་པ་དང་། ཐ་མག་འཐེན་མཁན་ཁྲོད་ནས་བརྒྱ་ཆ་ ༡༧།༦ ཙམ་གྱི་མ་གཏོགས་ནད་གཞི་ཛ་དྲག་ཏུ་གྱུར་མི་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་འཕྲོད་བསྟེན་བདེ་འཇགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུའང་། ཐ་མག་འཐེན་མཁན་གྱི་ཏོག་དབྱིབས་ནད་པ་ཚོར་ནད་གཞི་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེ་བ་ཡོད་སྲིད་སྐོར་དང་། ཐ་མག་གིས་གློ་བའི་བྱེད་ལས་ལ་གནོད་སྐྱོན་བཟོས་ཏེ། ལུས་པོས་ཏོག་དབྱིབས་ནད་ཡམས་དང་ནད་གཞན་ལ་ཁ་གཏད་གཅོག་རྒྱུ་ཁག་ཏུ་འགྲོ་ཡི་ཡོད་སྐོར་བརྗོད་འདུག

སྤྱིར་ཐ་མག་གམ། ཡང་ན་གློག་གི་ཐ་མག་ (e-cigarette) སྤྱོད་པ་དེས། ཁ་དང་སྣའི་བར་གྱི་རླུང་ལམ་ཕྱི་མར་རྨས་སྐྱོན་ཕོག་པ་དང་། ལུས་པོའི་གློ་ནད་འགོག་སྲུང་མ་ལག་ཉམས་རྒུད་དུ་གཏོང་གི་ཡོད་པ་དང་། དེའི་རྐྱེན་པས་གློ་བ་དང་འབྲེལ་བའི་ནད་སྐྱེད་པའམ་ཇེ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེ་བ་ཡོད། འོན་ཀྱང་། ད་ཐེངས་ཀྱི་ཞིབ་འཇུག་ལས་གཞི་དེའི་ནང་ཐ་མག་སྤྱོད་མཁན་ཚོར་གཞན་དང་བསྡུར་ན་ཏོག་དབྱིབས་ནད་ཡམས་འགོ་རྒྱུའི་ཉེན་ཁ་ཆེ་བ་ཡོད་མེད་ཐད་ཞིབ་འཇུག་བྱས་མེད་པ་དང་། ཡང་ཕྱོགས་གཅིག་ནས་ཕྱི་ལོ་ ༢༠༠༣ ལོར་འགོས་ཁྱབ་ཕྱིན་པའི་མར་སི་ནད་ཡམས་ (MERS) སྐབས་སུ་ཐ་མག་འཐེན་མཁན་ཚོར་ནད་ཡམས་འགོ་རྒྱུ་དང་། འགོས་རྗེས་འཆི་སྐྱོན་ཕོག་རྒྱུའི་ཉེན་ཁ་ཆེ་བ་ཡོད་པ་ཤེས་རྟོགས་ཐུབ་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། ཐ་མ་ཁའི་རྐྱེན་པས་ལོ་རེར་འཛམ་གླིང་ཁྱོན་ཡོངས་ནང་མི་གྲངས་ས་ཡ་ ༨ ལས་མང་བ་རྐྱེན་འདས་སུ་འགྲོ་ཡི་ཡོད་པ་དང་། དེའི་ཁྲོད་ནས་ས་ཡ་ ༡།༢ ཐ་མ་ཁ་སྤྱོད་མཁན་ངོ་མ་མིན་ཡང་མི་གཞན་གྱིས་སྤྱོད་པའི་ཐ་མ་ཁའི་དུད་རྫས་ཁོག་པའི་ནང་ཞུགས་པའི་རྐྱེན་གྱིས་འདས་གྲོངས་སུ་འགྲོ་ཡི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༡༣

Leave a Reply