ཏོག་དབྱིབས་རིམས་ནད་རྩ་མེད་བཟོ་མི་ཐུབ་པའི་ཉེན་བརྡ་བཏང་།

འདས་པའི་ཟླ་ ༦ ལྷག་གི་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཀྱིས་འཛམ་གླིང་ནང་མི་གྲངས་འབུམ་ ༣ མ་ཟིན་ཙམ་རྐྱེན་འདས་སུ་བཏང་།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ད་ལྟ་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་ཀྱིས་མི་འབུམ་ ༣ མ་ཟིན་ཙམ་འདས་གྲོངས་དང་། མི་གྲངས་ས་ཡ་ ༤ ལྷག་ལ་ནད་ཡམས་འགོས་ཡོད་པའི་སྐབས་འདིར། ཁ་སང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་རྩ་བ་ནས་མེད་པར་འགྱུར་མི་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཛ་དྲག་ཚོགས་ཆུང་གི་འགན་འཛིན་(Mike Ryan)ལགས་ཀྱིས། གལ་སྲིད་ང་ཚོས་སྨན་ཞིག་རག་པ་ཡིན་ནའང་། ནད་འབུ་འདི་སྟངས་འཛིན་བྱེད་པར་འབད་བརྩོན་ཆེན་པོ་བྱེད་དགོས་ཀྱི་ཡོད། དྲང་མོ་བཤད་ན་ནད་ཡམས་འདི་ང་ཚོའི་འཚོ་བའི་ནང་ནམ་ཡང་ཡལ་རྒྱུ་མེད་པའི་ནད་ཡམས་ཤིག་ཏུ་གྱུར་ཏེ། དུས་གཏན་དུ་ང་ཚོ་ལྷན་དུ་གནས་སྲིད་པ་རེད། ཅེས་བརྗོད་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཉེན་བརྡ་འདི་ནི། འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས་ཕྱོགས་ཡོངས་ཀྱི་ཚོང་ལས་སོགས་སྒོ་འབྱེད་བྱས་རྗེས་བྱུང་བ་ཞིག་ཆགས་བསྡད་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊི་ཌོར་སི་(Tedros Adhanom Ghebreyesus)ལགས་ཀྱིས། འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ཏོག་དབྱིབས་རིམས་ནད་འགོག་སྲུང་རྩ་འཛིན་ལས་ཕྱིར་འཐོན་འདོད་ཡོད་པ་རེད། འོན་ཀྱང་། ང་ཚོས་ད་དུང་ཡང་འཛམ་གླིང་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་ཏོག་དབྱིབས་རིམས་ནད་འགོག་སྲུང་ཤུགས་ཆེ་ཤོས་དང་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་དཀའ་ངལ་རྐྱེན་བྱས་ཏེ། མི་མང་ཁྱིམ་སྡོད་ཀྱི་བཀའ་ཁྱབ་འོག འཛམ་གླིང་མི་མང་ལ་ཁེར་རྐྱང་དང་། འཇིགས་སྣང་། ངེས་གཏན་མེད་པ། དེ་བཞིན། དཔལ་འབྱོར་གྱི་དཀའ་ངལ་སོགས་ལ་བརྟེན་ནས་སེམས་ལ་དཀའ་སྡུག་བཟོ་ཡི་ཡོད་སྐོར་བརྗོད་འདུག་པ་མ་ཟད། རྒྱལ་ཚོགས་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་འོག མི་མང་གི་ལུས་སེམས་གཉིས་ཀྱི་དཀའ་ངལ་སེལ་བར་འབད་བརྩོན་དགོས་པའི་རེ་འདུན་ཞུ་བཞིན་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སེམས་ཁམས་འཕྲོད་བསྟེན་སྡེ་ཚན་གྱི་འགན་འཛིན་ཌི་ཝོ་རཱ་(Devora Kestel)ལགས་ཀྱིས། ཏོག་དབྱིབས་རིམས་ནད་ཀྱིས་སྤྱི་ཚོགས་ཧྲིལ་པོའི་ལུས་སེམས་གཉིས་ཀྱི་བདེ་སྡུག་ལ་གནོད་ཤུགས་གང་འཚམ་ཐེབས་ཡོད་པས། དཀའ་ངལ་འདི་གཙོ་བོར་བཟུང་སྟེ་ཐབས་ལམ་འཚོལ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་བརྗོད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༡༤

Leave a Reply