ཨ་རིའི་རོགས་ཚོགས་ནས་བོད་མི་ཚོར་ཏོག་དབྱིབས་རིམས་ནད་ཛ་དྲག་ངལ་སེལ་རོགས་དངུལ་སྤྲད་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རོགས་དངུལ་ཁོངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ངལ་སེལ་ལས་གཞི་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། རྒྱ་ནག་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་དང་ཛ་དྲག་གི་དུས་སྐབས་སུ། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ཁག་ནས་སྤྱི་ཚོགས་ངལ་སེལ་ལས་གཞི་ཇི་ལྟར་སྤེལ་བཞིན་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་བ་དང་། ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག  འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་བཅས་ཕེབས་འདུག

གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་སྲིད་སྐྱོང་མཆོག་ནས། ད་ལྟའི་ཛ་དྲག་གི་དུས་སྐབས་སུ་བཙན་བྱོལ་བོད་མིའི་འཚོ་རྟེན་དང་འཕྲོད་བསྟེན། ཤེས་ཡོན་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་འཕྲད་བཞིན་པའི་དཀའ་ངལ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་ཤེས་འཕྲོད་གསུམ་གཙོ་བོར་གྱུར་བའི་འབྲེལ་ཡོད་ལྷན་ཁང་ནས་ངལ་སེལ་ལས་གཞི་ཇི་ལྟར་སྤེལ་བཞིན་པའི་སྐོར་ངོ་སྤྲོད་དང་འབྲེལ། དཔལ་འབྱོར་བཀའ་བློན་མཆོག་དང་འཆར་འགོད་འགན་འཛིན་བཅས་ཀྱིས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཆེ་བའི་དུས་སྐབས་སུ་བསམ་བློ་གཏོང་སྟངས་སོགས་ངོ་སྤྲོད་གནང་སོང་།

དེའི་རྗེས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་(PRM)རོགས་ཚོགས་ནས་འདས་པའི་ལོ་ངོ་སུམ་ཅུ་ལྷག་རིང་ལོ་ལྟར་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་བྱེ་བ་གཉིས་དང་ཕྱེད་ཀ་གནང་མུས་ཡིན་པ་ལྟར། ཐེངས་འདིར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་གཞིར་དམིགས་ནས་རྒྱ་གར་ནང་གི་བོད་མི་བཙན་བྱོལ་བ་ཚོར་ཧིན་སྒོར་  ༢༤༣༤༠༥༡༤།༠༠ ཐམ་པ་གནང་བ་དང་། དེ་བཞིན་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོར་ཛ་དྲག་ངལ་སེལ་ལས་གཞིའི་ཆེད་བལ་སྒོར་ ༡༣༧༥༧༩༧༤ ཐམ་པ་རོགས་དངུལ་གནང་ཡོད་པ་དང་། དངུལ་དེ་དག་གིས་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་དུས་སྐབས་དང་བསྟུན། བོད་མི་རྒས་འཁོགས་གྲངས་ ༡༡༠༥༡ ལ་བོད་སྨན་སྨན་སྦྱིན་དང་།  སྨན་ཞབས་པ་དང་འཕྲོད་བསྟེན་སློབ་སྟོན་པ། དང་བླངས་བཅས་ཁྱོན་མི་གྲངས་ ༤༠ ལ་ཟླ་བ་ ༣ རིང་གླ་ཆ་སྤྲད་ནས་ངལ་སེལ་ལས་གཞི་ཚགས་ཚུད་གཏང་རྒྱུ་དང་། ཛ་དྲག་སྨན་བཅོས་ཁང་གི་མཐུན་འགྱུར་སྐྲུན་རྒྱུ།  ནད་སྐྱོབ་སྣུམ་འཁོར་གྲངས་ ༣༠ གཡར་པོ་ཞུས་ནས་ཛ་དྲག་གི་གནས་སྟངས་ཆེད་གྲ་སྒྲིག་ཚགས་ཚུད་གནང་རྒྱུ།  གཞན་ཡང་ཟུར་འཇོག་ལྟེ་གནས་(quarantine Centers)ཁང་བཅུ་ལ་མཐུན་རྐྱེན་སྦྱར་རྒྱུ་དང་། སྨན་ཁང་ ༣༣ ལ་ཛ་དྲག་སྨན་བཅོས་མཐུན་རྐྱེན་མཁོ་སྤྲོད་ཞུ་རྒྱུ།  ཏོག་དབྱིབས་གཉན་རིམས་ནད་པ་སྨན་བཅོས་བྱེད་ཡུལ་སྨན་ཁང་ ༨ ལ་ཛ་དྲག་སྨན་བཅོས་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་གསུངས་སོང་།

ཡང་ནང་སྲིད་ལས་ཁོངས་ཀྱི་ལས་གཞིའི་ཁོངས་ནས་རོགས་དངུལ་ཧིན་སྒོར་ ༦༡༦༡༧༨༩།༠༠ འགྲོ་གྲོན་བཏང་སྟེ། རྒས་གསོ་ཁང་ ༢༡ ནང་རྒས་འཁོགས་གྲངས་ ༧༠༠ ཙམ་ལ་སྨན་དང་ཟ་འབྲུ་མཁོ་སྒྲུབ་ཞུ་རྒྱུ།   བོད་མི་ཉམ་ཐག་དབུལ་ཕོངས་གྲངས་ ༦༣༥ ལ་མི་རེར་ཧིན་སྒོར་ ༤༠༠༠ གནས་པའི་ཟླ་བ་གསུམ་ཙམ་རིང་ཟ་འབྲུ་མཁོ་སྒྲུབ་ཞུ་རྒྱུ། ལོ་ངོ་ ༦༥ བརྒལ་བའི་བོད་མི་རྒས་གཅོང་ཉམ་ཐག་མི་གྲངས་ ༡༥༥ ལ་ཟླ་གསུམ་རིང་མི་རེར་རིན་འབབ་ཧིན་སྒོར་ ༩༠༠༠  ཐམ་པའི་ཟ་འབྲུ་མཁོ་སྒྲུབ་ཞུ་རྒྱུ། འཁོས་ཞན་སློབ་ཕྲུག་ ༢༩༧ ལ་མི་རེ་རེར་རིན་འབབ་ཧིན་སྒོར་ ༡༠༠༠ ཅན་གྱི་ཟ་འབྲུ་མཁོ་སྒྲུབ་ཆེད་མཐུན་འགྱུར་སྦྱར་རྒྱུ་ཡིན་སྐོར་གསུངས་སོང་།

དེ་བཞིན་བལ་ཡུལ་ནང་གི་རོགས་དངུལ་ཀོངས་ནས་ལས་གཞི་ག་རེ་སྤེལ་མིན་སྐོར་ལ། བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ཛ་དྲག་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་ཆེད། སྨན་ཞབས་དང་འཕྲལ་སེལ་ལས་བྱེད་གཡར་པོ་ཞུ་རྒྱུ།  བལ་སྒོར་ ༣༢༦༠༠༠༠།༠༠ ཐམ་པ་འགྲོ་གྲོན་འོག་བལ་ཡུལ་ནང་གི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དོགས་གཞི་ཡོད་པའི་བོད་མི་ཟུར་འཇོག་ཁང་ ༦ ནང་ཟ་འབྲུ་མཁོ་གཏོང་ཞུ་རྒྱུ་དང་། རྒས་གསོ་ཁང་ ༦ ནང་གི་རྒས་འཁོགས་ ༡༡༦ ལ་སྨན་དང་ཟ་འབྲུ་མཁོ་སྒྲུབ་ཞུ་རྒྱུ།  རྒས་འཁོགས་གྲངས་ ༡༥༠༠ དང་གཞན་ཡང་ལུས་ཟུངས་ཞན་པའི་བོད་མི་ནད་གཅོང་ཁག་གཅིག་ལ་ཟུངས་གསོའི་ཆེད་བོད་སྨན་མཁོ་སྒྲུབ་ཞུ་རྒྱུ།  བོད་མི་ཉམ་ཐག་ནད་གཅོང་མི་གྲངས་ ༢༠༠ བལ་སྒོར་ ༧༢༨༢༤༠༠ རིན་འབབ་ཅན་གྱི་ཟ་འབྲུ་མཁོ་སྒྲུབ་ཞུ་རྒྱུ།  ལོ་ངོ་ ༦༥ བརྒལ་བའི་བོད་མི་ཉམ་ཐག་དང་ཁེར་རྐྱང་གནས་མཁན་མི་གྲངས་ ༣༥༠ ལ་ཟླ་བ་གསུམ་རིང་མི་རེར་རིན་འབབ་བལ་སྒོར་ ༡༤༤༠༠ ཅན་གྱི་ཟ་འབྲུ་མཁོ་སྒྲུབ་ཞུ་རྒྱུ།  འཁོས་ཞན་སློབ་ཕྲུག་ ༡༤ ལ་མི་རེ་རེ་བལ་སྒོར་ ༡༦༠༠ ཅན་གྱི་ཟ་འབྲུ་བགོ་འགྲེམས་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་བཏུས། གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༡༥

Leave a Reply