ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དང་སྲིད་བྱུས་ཁྲིམས་འཆར་ལ་སྤྱི་མོས་བྱུང་།

ཁ་སང་ཕྱི་ཚེས་ ༡༤  ཉིན་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ཁུལ་གྱི་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན་མནར་གཅོད་བྱེད་བཞིན་པ་མཚམས་འཇོག་ཡོང་སླད། ༢༠༢༠ ལོའི་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་བྱུས་ཁྲིམས་འཆར་ལ་སྤྱི་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་གཏན་འབེབ་གནང་ཡོད་འདུགཐེངས་འདིའི་ཁྲིམས་འཆར་འདོན་མཁན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་མཱར་ཁོ་རུ་བྷིའོ་ (Marco Rubio)ལགས་ཀྱིས། གྲོས་ཚོགས་འོག་མས་གང་མགྱོགས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་དགོས་སྐོར་བརྗོད་འདུག་པ་དང་། ཡང་གི་ཕྱག་འབྲེལ་འཐུས་མི་སྐུ་ཞབས་བྷོབ་མེ་ནན་ཌེ་ཛི་ (Bob Menendez)ལགས་ཀྱིས། ད་ཐེངས་ཨ་རིའི་གྲོས་ཚོགས་གོང་མས་གནང་བའི་ཐག་གཅོད་འདིས། སྲིད་དབང་སྒེར་གཅོད་ཅན་གྱི་པེ་ཅེན་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་ལྷག་དོན་མེད་བཙོན་འཇུག་དང་། ངལ་རྩོལ་ཁང་དུ་བཙན་ཁྲིད་བྱེད་བཞིན་པའི་གནད་དོན་དེར་ཨ་རིས་ནམ་ཡང་སྣང་མེད་འཇོག་རྒྱུ་མིན་པའི་བརྡ་ལན་སྤྲད་ཡོད་སྐོར་བརྗོད་འདུག་པ་དང་། དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་བཙན་བྱོལ་ཤར་ཊུར་ཀི་སི་ཐན་གཞུང་ (East Turkistan Government in Exile) གི་སྲིད་བློན་སཱ་ལི་ཧུ་དྷ་ཡར་ (Salih Hudayar) གྱིས། ཡུ་གུར་མི་མང་རྣམས་ཀྱིས་འདས་པའི་ལོ་ངོ་ ༡༠ ཡི་ཡར་སྔོན་ནས་ཨ་རིས་གྲོས་ཚོགས་ཀྱིས་ཁྲིམས་འཆར་འདི་གཏན་འབེབ་ཡོང་རྒྱུར་རེ་སྒུག་བྱས་ཡོད་སྐོར་དང་། ཁྲིམས་འཆར་འདིས་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་གྱི་མི་རིགས་ཐོག་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱ་མ་ཐུབ་ནའང་། གནས་སྟངས་ཇེ་ཡངས་སུ་གཏོང་ངེས་ཡིན་སྐོར་བརྗོད་འདུག གཞན་ཡང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་གཞི་ (Uyghur Human Rights Project) དང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ (World Uyghur Congress) སོགས་ནས་ཀྱང་གྲོས་ཚོགས་གོང་མའི་ཐག་གཅོད་དེར་དགའ་བསུ་ཞུས་ཡོད་འདུག

ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་བྱུས་ཁྲིམས་འཆར་དེ་ཁྲིམས་ཡིག་ཏུ་གཏན་འབེབ་བྱུང་ཚེ། ཁྲིམས་ཡིག་གི་དགོངས་དོན་བཞིན་ཨ་རིའི་འཛིན་སྐྱོང་ངོས་ནས་ཉིན་གྲངས་ ༡༨༠ ནང་ཚུད་ལ་ཤིན་ཅང་ཁུལ་དུ་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་གི་མགོ་འཁྲིད་ཚོ་ངོས་འཛིན་བྱས་ཏེ། ཁོ་ཚོ་ཨ་རིར་བསྐྱོད་རྒྱུ་དང་། དེ་བཞིན་ཨ་རིར་ཡོད་པའི་ཁོ་ཚོའི་རྒྱུ་དངོས་རྣམས་གཞུང་བཞེས་གཏང་རྒྱུ་དང་། གཞན་ཡང་ཨ་རིའི་འཛིན་སྐྱོང་ངོས་ནས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཅི་ཙམ་བཀག་སྐྱིལ་ཁང་དུ་བཅུག་ཡོད་མེད་སོགས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་འདོན་དགོས་ཀྱི་ཡོད་པ་རེད།སྤྱིར་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་དང་སྲིད་བྱུས་ཁྲིམས་འཆར་དེ་འདས་ལོའི་ལོ་མགོར་ཨ་རིའི་གྲོས་ཚོགས་འོག་མར་བཏོན་སྟེ། འདས་ལོའི་ཕྱི་ཟླ་ ༡༢ ལ་གྲོས་ཚོགས་འོག་མས་ཚད་མཐོའི་རྒྱབ་སྐྱོར་གྱི་ཐོག་ནས་གཏན་འབེབ་བྱས་ཡོད་ཀྱང་། གྲོས་ཚོགས་གོང་མས་ཐོག་མའི་ཆར་གྲོས་ཚོགས་འོག་མའི་ཁྲིམས་འཆར་ནང་ཚུད་པའི་གནད་དོན་སྐོར་ཞིག་ལ་མོས་མཐུན་མ་བྱས་པར་ལུས་ཡོད་ཅིང་། དེ་ནས་ཨ་རིའི་སྲིད་འཛིན་ཊོམ་ཕུའི་ཉེས་འཛུགས་གནད་དོན་གྱི་རྐྱེན་པས་ནར་འགྱངས་ཕྱིན་ཡོད་པ་རེད། ད་ཐེངས་གྲོས་ཚོགས་གོང་མས་གྲོས་ཚོགས་འོག་མའི་ཁྲིམས་འཆར་ནང་ཚུད་པའི་གནད་དོན་ཞིག་འཕྲིས་ཏེ་རྣམ་པ་མི་འདྲ་བའི་ཁྲིམས་འཆར་ཞིག་གཏན་འབེབ་བྱས་ཡོད་སྟབས། ཁྲིམས་འཆར་གཅིག་འགྱུར་ཡོང་སླད་གྲོས་ཚོགས་འོག་མས་བསྐྱར་དུ་ཁྲིམས་འཆར་དེར་འོས་ལྡུག་དགོས་ཀྱི་ཡོད་འདུག  གལ་ཏེ་གྲོས་ཚོགས་འོག་མའི་ངོས་ནས་གྲོས་ཚོགས་གོང་མས་བཏང་བའི་ཁྲིམས་འཆར་དེ་ཉིད་ལ་ཇི་བཞིན་མོས་མཐུན་རྒྱབ་སྐྱོར་བྱས་ཚེ། ཁྲིམས་འཆར་དེ་ཐད་ཀར་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་མཚན་རྟགས་བསྐྱོན་པར་འབུལ་དགོས་ཀྱི་ཡོད་འདུག

འདས་པའི་ལོ་གཅིག་ནང་ཨ་རིའི་གྲོས་ཚོགས་ཀྱིས་བོད་དང་། ཡུ་གུར། ཧོང་ཀོང་། ཐའེ་ཝན་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབ་བྱས་ཏེ་རྒྱ་ནག་ལ་མངོན་གསལ་དོད་པོས་ངོ་རྒོལ་ཤུགས་ཆེར་བྱས་ཡོད་ཅིང་། ཨ་རྒྱའི་ཚོང་དམག་གི་གནོན་ཤུགས་སྟེང་། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ཡིག་དེ་དག་གིས་ཊོམ་ཕུ་སྲིད་གཞུང་ལའང་རྒྱ་ནག་ལ་སྐྱོན་མཚང་འབྲུ་རྒྱུའི་གོ་སྐབས་ཐོབ་ཡོད་ཅིང་། རྒྱ་ནག་གཞུང་ནས་ཀྱང་འཆར་ཅན་ལྟར་ཨ་རིའི་བྱེད་སྟངས་དེ་དག་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱི་ཁ་བྲལ་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་ཁ་འཐོར་གཏོང་རྒྱུའི་ཕྱོགས་སུ་སྐྱོད་བཞིན་ཡོད་སྐོར་གྱི་འཁང་ར་དང་སྐྱོན་བརྗོད་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་འོག་མས་ ༢༠༡༩ ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ (H.R. 4331- Tibetan Policy and Support Act of  2019) ལ་ཚད་མཐོའི་མང་མོས་ཀྱི་ཐོག་ནས་རྒྱབ་སྐྱོར་གཏན་འབེབ་བྱས་ཡོད་ཅིང་། རིང་པོར་མི་འགོར་བར་བདུན་ཕྲག་འདིའི་ནང་གྲོས་ཚོགས་གོང་མས་ཁྲིམས་འཆར་དེར་འོས་བླུགས་ཏེ་གཏན་འབེབ་གནང་འཆར་ཡོད་འདུག ཁྲིམས་འཆར་དེ་ནི་ཕྱི་ལོ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་དེ་ཉིད་ལག་བསྟར་ཚགས་ཚུད་ཡོང་ཆེད་ཙམ་དུ་མ་ཟད། ༧གོང་ས་མཆོག་གི་ཡང་སྲིད་ནི་ནང་པའི་རྗེས་འབྲང་པ་དང་༧གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་འོག་ནས་འགྲོ་དགོས་པ་ལས་སྲིད་གཞུང་ཞིག་གིས་ཐེ་གཏོགས་བྱ་མི་ཆོག་པ་དང་། ཅི་སྟེ་རྒྱ་ནག་གི་མགོ་འཁྲིད་སུ་རུང་གིས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱས་ཚེ། དེར་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༡༥

Leave a Reply

One thought on “ཡུ་གུར་འགྲོ་བ་མིའི་ཐོབ་ཐང་དང་སྲིད་བྱུས་ཁྲིམས་འཆར་ལ་སྤྱི་མོས་བྱུང་།

  1. བུད་དབང་ངག་དབང་བྱང་ཆུབ།

    ཨ་རིའི་གཞུང་ནས་ཡུ་གུར་བའི་བདེན་དོན་ཐད་རྒྱབ་སྐྱོར་གནང་རྒྱུའི་གྲོས་ཆོད་འཇོག་གནང་མཛད་པའི་གནས་ཚུལ་འདི་ཡང་ཧ་ཅང་གི་གཏམ་བཟང་ཞིག་ཡིན། ད་ལྟ་ཡུ་གུར་ཟེར་བ་འདིར་སྔ་དུས་བོད་མི་ ལི་ཡུལ་ ཟེར། བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་མིར་སྤྲུལ་པའི་ཁྲིམ་གཅོད་གནང་སྐབས་ལི་ཡུལ་གྱི་དགེ་སྙེན་གཉིས་མཇལ་ཁར་ཡོང་ནས་ཁྲིམ་གཅོད་གནང་སྟང་ལ་དད་ལོག་སྐྱེས་སྐབས་ཆོས་རྒྱལ་ནས་དབུའི་འོད་དཔག་མེད་སྐུ་སྟན་ནས། ངས་བོད་ཁམས་འདུལ་ཆེད་སྤྲུལ་པའི་མི་ལ་ཁྲིམ་གཅོད་མཛད་པ་ལས། ངས་སེམས་ཅན་གཅིག་ལ་གནོད་པ་བྱེད་མ་མྱོང་གསུངས་པ་དང་། བོད་བསིལ་བུ་ནས་མགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཁམས་དབང་སྒྱུར་མཛད་སྐབས། གོ་དན་རྒྱལ་པོ་འམ་སེ་ཆེན་རྒྱལ་པོས་བོད་པས་རྒྱལ་ཁབས་སྐྱོངས་ཨེ་ཐུབ་བཤད་སྐབས་ཆོས་རྒྱལ་ཕགས་པས་སྔོན་གྱི་ཆོས་རྒྱལ་མི་དབོན་རྣམས་གསུམ་གྱི་མཛད་པ་གསུངས་པས། སེ་ཆེན་རྒྱལ་པོ་ཡིད་མི་ཆེས་པའི་ཚུལ་བཤད་པས་དེ་དུས་ལི་ཡུལ་གྱི་ཡིག་ཚང་ནས་བོད་ཀྱི་ཆོས་རྒྱལ་མི་དབོན་རྣམས་གསུམ་གྱི་རྒྱལ་རབ་ཆ་ཚང་སྟན་པས་སེ་ཆེན་རྒྱལ་པོ་ཧ་ལས་ནས་མགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཀྱི་དབང་ལུང་ཡོངས་རྫོགས་ཕུལ་རབ་བཤད་སྲོལ་ཡོད། བྱས་ཙང་སྔ་དུས་ཡུ་གུར་རམ་ ལི་ཡུལ་དང་བོད་གཉིས་བཟང་འབྲེལ་ཡོད། ད་ལྟ་བོད་དང་ལི་ཡུལ་གཉིས་རྒྱ་དམར་གྱིས་བཙན་དབང་མཉམ་མྱོང་ཡིན་པས་དེ་ལ་ཡང་ཨ་རིས་བདེན་རྒྱབས་གནང་བར་བོད་མི་ཚོས་ཀྱང་དགའ་སྒོམ་དང་སྨོན་ལམ་འདེབས་དགོས་སོ་སྙམས་པ་འདུག།།