གྲོས་ཚོགས་འཐུས་མི་ ༣༡ གིས་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་ཡོང་ཐབས་ཀྱི་འབོད་སྐུལ་གནང་།

སུད་སི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ ༣༡ གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་ཁོང་གི་ཁྱིམ་མི་འཁོར་བཅས་ཀྱི་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚང་མ་འཕྲལ་དུ་ཀློད་གྲོལ་གཏོང་ཐབས་དགོས་པའི་འབོད་སྐུལ་ཞུས་འདུགཟླ་འདིའི་ཕྱི་ཚེས་ ༡༣ ཉིན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ། ལོ་ངོ་ཧྲིལ་པོ་ ༢༥ འཁོར་བར་སུད་སིའི་གྲོས་ཚོགས་འཐུས་མི་ ༡༥ དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ ༡༦ གིས། སྔ་གཞུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་དབུས་པའི་ཡུ་རོབ་དང་ཅེཀ་གཞུང་བཅས་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནད་དོན་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་ཁོང་གི་ཁྱིམ་མི་འབྲེལ་ཡོད་ཀྱི་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚང་མ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཚོས་འབོད་སྐུལ་ཞུ་ཡིག་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚད་མེད་བཏང་སྟེ་འདས་པའི་ལོ་ངོ་ ༢༥ རིང་༧པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་འདི། མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས། དེ་བཞིན། ཅེཀ་གཞུང་བཅས་ཀྱིས་ངོས་བཟུང་བའི་ཐོག་ནས། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རིན་པོ་ཆེ་མཆོག་གི་ནང་མི་འཁོར་བཅས་གང་མགྱོགས་ཀློད་གྲོལ་ཡོང་བ་དང་།  རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་ལུགས་སྤྱིར་ཐེ་གཏོགས་བྱེད་བཞིན་པ་སོགས་མཚམས་འཇོག་ཡོང་ཐབས་གནང་རོགས་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ཡང་གྲོས་ཚོགས་འཐུས་ཚོའི་སྙན་ཞུ་དེའི་ནང་།  ད་ལྟའི་ཆར་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་མེད་ནའང་། བོད་མི་ཚོས་༧ཁོང་དགུང་གྲངས་ ༣༡ ལ་ཕེབས་པར་འཁྲུངས་སྐར་སྲུང་གཙི་གནང་དགོས་བྱུང་ཡོད་པ་ནན་བརྗོད་བྱས་འདུག་པ་མ་ཟད། རྒྱ་ནག་གཞུང་གིས། བོད་ནང་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚད་མེད་བཏང་སྟེ། བོད་ནི་བསྟུད་མར་འཛམ་གླིང་གི་རང་དབང་སྡུག་ཤོས་ཨང་གཉིས་པ་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆོས་དད་རང་དབང་ཚོགས་ཆུང་གིས། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་འཛམ་གླིང་གི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་ཡིན་པར་གསལ་འདོན་བྱས་འདུག

ཡང་སུད་སིའི་གྲོས་ཚོགས་འཐུས་མི་ ༡༥ ཡིས་ཕྱི་ཚེས་ ༡༣ ཉིན་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་དགོས་པའི་འབོད་སྐུལ་ཞུ་ཡིག་ནང་། ༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་འདི་འདས་པའི་ལོ་ངོ་ ༢༥ རིང་རྒྱལ་ཚོགས་ཀྱི་བྱིས་པ་གར་སོང་ཆ་མེད་དུ་གྱུར་བའི་གྱོད་དོན་ཁོངས་ཐོ་འགོད་བྱས་ཏེ། ད་ལྟའང་རྒྱལ་ཚོགས་ནང་འདྲི་གཅོད་ཅི་ཙམ་བྱས་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེར་ཐུག་འཕྲད་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། རིན་པོ་ཆེའི་ཆོས་དད་རང་དབང་འཕྲོག་མེད་སྐོར་ཡང་བཤད་བསྐྱར་བཤད་བྱས་བསྡད་ཡོད་པ་རེད།

ད་ལོ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་བཙན་འཁྲིད་འཛིན་བཟུང་བྱས་ཏེ་ལོ་ངོ  ༢༥ འཁོར་གྱི་ཡོད་པ་དང་བསྟུན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གོ་སྒྲིག་འོག རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་མི་སྒེར་དང་ཚོགས་སྡེ་ཁག་ཚང་མས་(25 Actions for 25 Years)ཞེས་འདི་ལོ་ཧྲིལ་པོར་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་དགོས་པའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང་། གནངས་ཉིན་ཕྱི་ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་འཁྲིད་འོག བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་སོ་སོའི་རང་ཁྱིམ་ནས་མར་མེ་བསྒྲོན་པའི་ལས་འགུལ་ཞིག་དང་། འདི་ལོ་ཧྲིལ་པོར་དྲ་རྒྱའི་ཐོག་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་པར་དང་བརྙན་སོགས་བརྒྱུད་སྐུལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། གྷོ་གྷུལ་ས་ཁྲ་(Google Map) ཞེས་པའི་མཉེན་ཆས་བརྒྱུད་བོད་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པས་ངོ་རྒོལ་གནང་རྒྱུ་སོགས་བཙན་བྱོལ་ནང་ལས་འགུལ་སྣ་མང་ཞིག་གོ་སྒྲིག་གནང་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༡༥

Leave a Reply