ང་ཚོས་ནང་བསམ་བློའི་བདེ་སྡུག་ཐད་དོ་སྣང་གསར་བ་ཞིག་བྱེད་དགོས་འདུག

༧གོོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་གནང་སྐབས་འཛམ་གླིང་ཤར་ནུབ་ཀྱི་མ་འོངས་པ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་མི་གཅིག་གྱུར་གྱི་བསམ་བློའི་ཐོག་ནས་དཀའ་ངལ་ལ་གདོང་ལེན་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་འཛམ་གླིང་གང་སར་གནས་འཁོད་དོན་གཉེར་ཅན་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐད་གཏོང་བརྙན་ལམ་བརྒྱུད་ཉིན་གཉིས་རིང་གི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། སྐབས་དེར་༧གོང་ས་རྒྱལབ་རིན་པོ་ཆེ་མཆོག་ནས་དངོས་གཙོ་སྨྲ་བའི་དུས་སྐབས་འདིར་ཕྱིའི་དངོས་པོ་ལ་བརྟེན་པའི་བདེ་སྡུག་གིས་འདང་གི་མེད་སྟབས། ཚང་མས་ནང་བསམ་བློའི་བདེ་སྐྱིད་ཐད་དོ་སྣང་གསར་བ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནས་བཀའ་ཆོས་ཀྱི་སྔོན་འགྲོར། དེ་རིང་འདིར་དོན་གཉེར་ཅན་མང་པོ་ཞིག་གིས་དྲ་རྒྱའི་ཐོག་ནས་ངའི་བསམ་ཚུལ་དེ་དག་གཏམ་བཤད་བྱ་རྒྱུ་བྱུང་ན་ཞེས་རེ་འདུན་བཏོན་བྱུང་། དེ་ཡག་པོ་ཞེ་དྲགས་འདུག ཅེས་དང་། སྔོན་ལ་ངའི་གྲོགས་པོ་ཚང་མ་ལ་ཞུ་རྒྱུ་ཞིག་ལ། ང་ཚོ་སྲོག་ཆགས་འབུ་སྲིན་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། དེར་བརྟེན་ད་ལྟ་འཛམ་གླིང་འདིའི་སྟེང་ཡོད་པའི་ང་ཚོ་མི་དུང་ཕྱུར་ ༧༠ ལྷག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་རྒྱུ་མཚན་བགྲངས་དགོས་དོན་གང་ཡང་མི་འདུག ང་ཚོ་ཚང་མ་དེ་འདྲ་ཞིག་འདུག་ཨཱ། གནད་འགག་ལྟ་བུ་དེ་མི་འདོད་པའི་སྔུག་བསྔལ་དང་འདོད་པའི་བདེ་སྐྱིད་ཟེར་བ་དེ་ལུས་ཚོར་གྱི་བདེ་སྡུག་ལ་གཙོ་བོ་བརྟེན་བསྡད་པ་དང་། སེམས་ཚོར་གྱི་བདེ་སྡུག་ལ་རྟེན་མཁན་བཅས་གཉིས་འདུག ཅེས་གསུངས་སོང་།

ཁོང་ཉིད་ཀྱིས་མུ་མཐུད་དེ་རིང་ཁ་སང་གི་འཛམ་གླིང་འདི་དངོས་པོ་ཡར་རྒྱས་ཕྱིན་བསྡད་པའི་དངོས་གཙོ་སྨྲ་བ་ཞེས་ཟེར་གྱི་ཡོད་པ་རེད། གང་ལྟར་ཕྱི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ཞིག་ལ་བསམ་བློ་བཏང་ན། དེས་ལུས་པོའི་སྡུག་བསྔལ་སེལ་རྒྱུ་དང་བདེ་བ་སྒྲུབ་རྒྱུ་རྐྱང་རྐྱང་རེད་འདུག དེ་ལྟ་བུས་དེ་རིང་ཁ་སང་གི་དུས་ཚོད་འདིར་འདང་གི་མེད་པ་དངོས་ཡོད་གནས་ཚུལ་རེད། དངོས་པོའི་མཐུན་རྐྱེན་ཆ་ཚང་ཡོད་སྡོད་མཁན་དང་། གཏམ་སྙན་གྲགས་ཡོད་མཁན། དེང་དུས་གི་ཤེས་ཡོན་ཡོད་པ་དེ་ཚོ་སེམས་མ་སྐྱིད་པ་ཞེ་བོ་ཡོང་སྡོད་མཁན་འདུག་ཨཱ། དེ་འདྲ་ཡིན་དུས་དུས་རབས་ཉེར་གཅིག་པ་འདིའི་ནང་ང་ཚོས་དངོས་པོ་ཡར་རྒྱས་དེ་དག་གིས་ལུས་པོའི་སྡུག་བསྔལ་སེལ་རྒྱུ་དང་བདེ་སྐྱིད་སྐྲུན་རྒྱུར་དགོས་ཀྱི་ཡོད་པ་རེད། ཡིན་ནའང་དེ་གཅིག་པུས་འདང་གི་མེད་སྟབས། ང་ཚོས་ནང་བསམ་བློའི་བདེ་སྡུག་ཐད་དོ་སྣང་གསར་བ་ཞིག་བྱེད་དགོས་པ་རེད། དེ་ཆོས་ཁས་ལེན་མིན་གྱི་སྐད་ཆ་མ་རེད། གང་ལྟར་རེ་དོགས་མང་པོ་བྱས་ཏེ་སེམས་འཁྲུག་པ་དང་མ་སྐྱིད་པ་བྱེད་མཁན་དེས་ཚོང་ཁང་ནས་སེམས་ཀྱི་བདེ་སྐྱིད་ཉོ་ས་ཡོད་པ་མ་རེད། བཟོ་གྲྭར་འདོན་མཁན་ཡོད་པ་རེད། དེར་བརྟེན་ང་ཚོས་བསམ་བློ་བཏང་ནས་སེམས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་། སེམས་ཀྱི་ཞི་བདེ་ལྟ་བུ་མང་དུ་གཏོང་རྒྱུ་དེ་གཅིག་པུ་མ་གཏོགས། གཞན་ཕྱིའི་མཐུན་རྐྱེན་གྱི་ཐོག་ནས་སེམས་ཀྱི་བདེ་སྐྱིད་ཡོང་ཐུབ་ཐབས་མི་འདུག་ཨཱ། ཅེས་གསུངས་སོང་།

ནང་སེམས་ཀྱི་ཞི་བདེ་སྐོར་ལ་དོ་སྣང་དགོས་པའི་སྐོར་ལ་ཁོང་ཉིད་ཀྱིས། ངས་ནམ་རྒྱུན་འདི་འདྲ་ཞིག་བཤད་སྡོད་ཀྱི་ཡོད། རིམ་པ་དང་པོ་དེ་ང་མི་ཞིག་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད་པ་དེ་དག་གིས་སེམས་ཀྱི་བདེ་སྡུག་ཐོག་ལ་ཏོག་ཙམ་དོ་སྣང་བྱེད་རྒྱུ་དེ་རེད། དེང་སང་ཚན་རིག་པ་ཚོ་ཡིན་ནའང་སེམས་ཀྱི་ཐོག་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་ཆེ་རུ་འགྲོ་ཡི་འདུག སེམས་ཀྱི་འགྲོ་སྟངས་དེ་ཕལ་ཆེར་ལོ་རྒྱུས་ཐོག་ནས་བཤད་པ་ཡིན་ན། རྒྱ་གར་གྱི་རིག་གཞུང་དེ་སེམས་ཁམས་རིག་པའི་སྐོར་ལ་ཞིབ་ཚགས་ཤོས་ཡོད་བསྡད་པ་ཞིག་རེད་འདུག རྒྱ་གར་ལའང་ལོ་སྟོང་ཕྲག་གསུམ་ཙམ་གོང་ནས་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་གསར་བ་ལྟ་བུ་བྱུང་ཡོད་པ་དང་། དེ་མུ་མཐུད་ནས་ཡར་རྒྱས་ཕྱིན་རྗེས་ནང་པའི་ཆོས་དེའང་དེ་འདྲ་བྱས་ནས་ཡོང་བསྡད་པ་ཞིག་རེད། རྒྱ་གར་གྱིས་ལོ་སྟོང་ཕྲག་གསུམ་ཙམ་གོང་ནས་འཚེ་བ་མེད་པ་ཟེར་བ་དེ་རྩ་བ་བྱམས་བརྩེ་ལ་ཐུག་ཡོད་པའི་སྐད་ཆ་སླེབས་ཀྱི་འདུག དེ་ཙམ་དུ་མ་ཟད། སེམས་རྩེ་གཅིག་པའི་ཞི་གནས་དང་། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པ་བྱེད་རྒྱུའི་ལྷག་མཐོང་ཟེར་ན་མི་འདུག གང་ལྟར་དཔྱད་སྒོམ་བྱེད་རྒྱུ་དེ་རྒྱ་གར་ལ་སྔ་མོ་ནས་ཡོད་བསྡད་པ་ཞིག་རེད་འདུག དེང་སང་གི་དུས་ཚོད་ལ་ལྟ་གྲུབ་དེ་དག་ཆོས་ཕྱོགས་ཀྱི་ཁོངས་སུ་བཞག་རྒྱུ་མ་ཡིན་པར། དེ་ཚུར་བླངས་ནས་ང་རང་ཚོས་སེམས་ཁམས་རིག་པའི་ཐོག་ནས་སེམས་མ་སྐྱིད་པ་ལ་གཉེན་པོ་བསྟེན་སྟངས་གང་འདྲ་བྱེད་དགོས་མིན། དེས་སྐྱེ་བ་ཕྱི་མ་དང་དཀོན་མཆོག་བཤད་ཀྱི་ཡོད་པ་མ་རེད། དེས་དངོས་པོའི་གནས་ཚུལ་ང་རང་ཚོའི་སེམས་ཞི་བདེ་ཡོང་ཐབས་བཤད་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་དེའི་ཐོག་ལ་དོ་སྣང་དང་བསམ་བློ་གཏོང་དགོས་པ་རེད། ཅེས་གསུངས་སོང་།

ཁོང་ཉིད་ཀྱིས་འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་ཕྱོགས་སུ་འབད་བརྩོན་གནང་བཞིན་ཡོད་སྐོར་ལ། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས། ལོ་ངོ་བཅུ་ཕྲག་གཅིག་ལྷག་གོང་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མཚམས་བཞག་ཟིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་ཐུགས་འཁུར་དམིགས་བསལ་བཞེས་ཀྱི་ཡོད་པ་དང་། མགོན་པོ་གང་ཉིད་ནས་དུས་རབས་གསར་པའི་རྒྱ་གར་ནང་ཆོས་དང་མ་འབྲེལ་བའི་རྒྱ་གར་གྱི་གནའ་རབས་རིག་གཞུང་དེ་དག་བསྐྱར་གསོ་གནང་རྒྱུའི་ཐུགས་འགན་བཞེས་ཀྱི་ཡོད། ཅེས་དང་། ཡང་མི་གཅིག་འགྱུར་གྱི་འདུ་ཤེས་དགོས་པའི་སྐོར་ལ་བཀའ་སློབ་བསྩལ་དོན། སྔ་མོ་ཡིན་ན་སོ་སོ་ཁྱིམ་ཚང་དང་གྲོང་སྡེ་ཆུང་ཆུང་རེ་མཉམ་དུ་སྡོད་ཀྱི་ཡོད་ཀྱང་། དེང་སང་དཔལ་འབྱོར་གྱི་གནས་སྟངས་དང་། ལྷག་པར་དུ་ཁོར་ཡུག་གི་གནས་སྟངས་དེ་འཛམ་བུ་གླིང་སྤྱིའི་འགྲོ་སྟངས་ཤིག་ཆགས་འདུག་པ་ལས། ལུང་པ་སོ་སོ་དང་གླིང་ཕྲན་སོ་སོའི་སྐད་ཆ་མ་རེད། དེར་བརྟེན་འཛམ་གླིང་ཤར་གྱི་མ་འོངས་པ་འཛམ་གླིང་ནུབ་ཕྱོགས་ལ་བརྟེན་ཡོད་པ་དང་། འཛམ་གླིང་ནུབ་ཕྱོགས་ཀྱི་མ་འོངས་པ་ཤར་ཕྱོགས་ལ་བརྟེན་བསྡད་ཡོད། དེ་དེ་བཞིན་ལྷོ་ཕྱོགས་བྱང་ཕྱོགས་ཚང་མ་འགྲོ་སྟངས་འདི་རེད་འདུག དེར་བརྟེན་ང་ཚོས་མི་གཅིག་འགྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱིས་མཚོན་པའི་ཐོག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་འདུག ཅེས་གསུངས་སོང་།

འཛམ་གླིང་སྤྱིའི་བདེ་སྡུག་སྐོར་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ་ཁོང་ཉིད་ཀྱིས། ངའི་རྒྱལ་ཁབ་ཅེས་ང་ང་ཟེར་རྒྱུ་དེ་ཉུང་དུ་བཏང་ནས་ཆེ་ས་ནས་མི་དང་འཛམ་གླིང་སྤྱིའི་ཐོག་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད་འདུག ང་ཚོའི་མཁས་དབང་མང་པོས་བཤད་པ་ལྟར། ང་རང་ཚོའི་ངོས་ནས་ཀྱང་ཉམས་མྱོང་ཡོང་གི་འདུག ང་ཆ་བཞག་ན་དྲུག་ཅུ་ཐམ་པའི་ལོར་དྷ་རམ་ས་ལར་ཐོག་མར་ཡོང་བ་ཡིན། དེའི་དགུན་ཁར་གངས་ཞེ་པོ་བབས་བྱུང་། དེ་ནས་ལོ་རེ་ལོ་རེར་ཁ་བ་ཉུང་དུ་ཉུང་དུ་འགྲོ་བསྡད་ཀྱི་འདུག་ཨཱ། ཨཧྥ་གྷན་དེ་ཚོ་དེང་སང་བྱེ་ཐང་ཡིན་ནའང་། སྔར་མཚོ་ཡིན་པ་གསལ་པོ་རེད་འདུག དེར་བརྟེན་ཁོར་ཡུག་སྒང་ལ་བསམ་བློ་གཏོང་དུས། དེ་འཛམ་གླིང་ཡོངས་རྫོགས་ཀྱི་གཅིག་འགྱུར་གྱི་བདེ་སྡུག་ཅིག་ཡིན་སྟབས། དེར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

མཇུག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་གྱི་དོན་གཉེར་བ་ཅན་ཚོར་དམིགས་ཏེ་དབྱིན་སྐད་ཀྱི་ཐོག་ནས་བཀའ་སློབ་བསྩལ་དོན། ངོས་རང་རྒྱལ་ཁབ་འདིར་སྐྱབས་བཅོལ་བ་ཞིག་ཆགས་པ་དེ། ཕྱོགས་གཅིག་ནས་སྟབས་མ་ལེགས་པ་ཞིག་རེད་དེ། ཕྱོགས་གཞན་ཞིག་ནས་ངོས་རང་ལ་ཆོགས་ལུགས་མི་འདྲ་བའི་དབུ་འཁྲིད་དང་ཚན་རིག་པ་ལྷན་དུ་ཐུག་འཕྲད་སྔར་ལྷག་ཡོང་རྒྱུའི་གོ་སྐབས་ཐོབ་བྱུང་། དེ་དག་ངོས་རང་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་། ངོས་རང་གིས་དུས་རྒྱུན་འདི་འདྲ་བསམ་གྱི་འདུག གལ་ཏེ་ངོས་རང་མུ་མཐུད་ཕོ་བྲང་པོ་ཏ་ལར་བསྡད་ཡོད་ཚེ། ངོས་རང་ད་ལྟ་ལས་ལྟ་བ་མཁྲེགས་འཛིན་ཅན་ཞིག་ཡིན་རྒྱུ་རེད། ངོས་རང་འདིར་འབྱོར་ཏེ་མི་མང་པོ་ལ་ཐུག་འཕྲད་བྱུང་བ་མ་ཟད། ཤེས་ཡོན་པ་མང་པོ་ལྷན་དུ་བགྲོ་གླེང་དང་སྦྱང་ཤེས་བྱུ་རྒྱུ་བྱུང་། དུས་རབས་ཉེར་གཅིག་དེ་གྲོས་མོལ་གྱི་དུས་རབས་ཤིག་ཡིན་དགོས་པ་མ་ཟད། གོ་མཚོན་མེད་པའི་གོ་ལའི་ཕྱོགས་སུ་གཞོལ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིའི་ཐད་གཏོང་བརྙན་ལམ་བཀའ་ཆོས་དེ་ཉིད་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཤུགས་ཆེར་ཁྱབ་རྗེས། ༸གོང་ས་རྒྱལ་བ་རིན་པོ་མཆོག་གི་མི་མང་ལ་བཀའ་ཆོས་གནང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་བཀའ་ཆོས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཞུང་འབྲེལ་ངོ་དེབ་བརྒྱུད་བཏང་ཡོད་པ་དང་། དེ་རིང་ཉིན་གུང་བར་ཐད་གཏོང་བརྙན་ལ་ལྟ་ཉནབྱེད་མཁན་ཁྱོན་མི་གྲངས་འབུམ་ ༡ དང་ཁྲི་གཅིག་དང་ཉིས་སྟོང་ལྷག་ཟིན་ཡོད་པ་དང་། མི་གྲངས་དགུ་སྟོང་ལྷག་གིས་མཆན་བཀོད་ཡོད་འདུག དེ་བཞིན་སང་ཉིན་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་མུ་མཐུད་དབུ་མ་རིན་ཕྲེང་གི་བྱང་ཆུབ་སེམས་ཉམས་ལེན་སྐོར་ལ་བཀའ་ཁྲིད་གནང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༡༦

Leave a Reply