ཉུང་མཐར་བོད་མི་ ༥༡ འཛིན་བཟུང་བཙོན་འཇུག་བྱས།

རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ལ་ཁ་གཡར་ནས་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ་པ་སོགས་ཉུང་མཐར་བོད་མི་ ༥༡ འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུགཁ་སང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ཟེར་བའི་ཆབ་སྲིད་ཀྱི་ལས་འགུལ་འོག ཉུང་མཐར་བོད་མི་ ༥༡ འཛིན་བཟུང་བྱས་ཏེ།   ལོ་ ༩ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་འདུག་པ་དང་། བོད་མི་དེ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལས་བྱེད་པར་ངོ་རྒོལ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་ཡོད་པ་སོགས་ཀྱི་དོགས་གཞིའི་འོག་ཉེས་ཆད་བཅད་ཡོད་འདུག

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལྟར་ན། ནག་སེལ་གཤེད་བཅོམ་དང་ངན་སེལ་ནག་འཛོམས། ཇག་ཚོགས་ལ་འགོག་རྒོལ་ཟེར་བ་སོགས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་དེ་དག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཙམ་ནས་མགོ་འཛུགས་བྱས་ཤིང་། དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཁོར་ཡུག་དང་སྐད་ཡིག དེ་བཞིན་སྲོལ་རྒྱུན་རིག་གཞུང་སོགས་སྲུང་སྐྱོབ་བྱེད་མཁན་བོད་མི་རྣམས་ཇག་ཚོགས་ལ་ངོས་འཛིན་གྱིས་ཉེས་ཅན་དུ་བསྒྱུར་གྱི་ཡོད་པ་མ་ཟད། བོད་ནང་སྔ་མོར་ཡོད་པའི་བོད་མི་ནང་ཁུལ་གྱི་རྩོད་རྙོག་རིགས་བོད་ཀྱི་བླ་མ་རྩ་ཆེན་དང་གནད་ཡོད་མི་སྣས་གྱོད་དོན་བཤད་ཀྱི་ཡོད་པ་མཚམས་འཇོག་བྱས་ཡོད་འདུག

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་ལྟ་ཞིབ་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་(Sophie Richardson)ལགས་ཀྱིས། ཇག་ཚོགས་ལ་འགོག་རྒོལ་དང་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་ནི། རྒྱ་ནག་གཞུང་གིས་ཐད་ཀར་བོད་མིའི་བསམ་བློའི་རང་དབང་དང་། རྒྱུན་ལྡན་གྱི་འགྲོ་འདུག་སྤྱོད་གསུམ་སོགས་ཉེས་ཅན་དུ་བསྒྱུར་ཐབས་ཤིག་ཡིན་པས། རྒྱ་ནག་གི་མགོ་འཁྲིད་ཚོས་ཚད་ལས་བརྒལ་བའི་ཉེས་ཆད་གཅོད་མཚམས་འཇོག་དགོས་པ་དང་། ནག་མེད་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བཀག་ཉར་འོག་ཡོད་པའི་བཙོན་པ་ཡོངས་ཀློད་གྲོལ་གཏོང་དགོས་ཡོད། ཅེས་ནན་བརྗོད་གནང་འདུག

ཉིན་ཤས་སྔོན་བོད་གནས་ལྟ་ཞིབ་ཁང་གི་དྲ་རྒྱའི་སྟེང་། ཉེ་སྔོན་བོད་དིང་རི་དང་གཞིས་ཀ་རྩེ་སོགས་སུ་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་དང་བལ་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ནང་མི་ཉེ་འབྲེལ་ཡོད་མཁན་བོད་མིའི་ཁྱིམ་ཚང་ ༤༠༠༠ ནས་ ༥༠༠༠ ཙམ་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག

ནག་སེལ་གཤེད་བཅོམ་གྱི་ལས་འགུལ་ཁྲོད། མི་སུ་འདྲ་ཞིག་གིས། ས་གནས་སྲིད་གཞུང་གི་འོས་བསྡུར་ཁྱད་གསོད་བྱེད་པའམ་། ཡང་ན་ས་ཆ་བོགས་གཏོང་དང་ས་ཁང་གཏོར་བཤིག འཛུགས་སྐྲུན་སོགས་ཀྱི་ལས་རིགས་ལ་གཏོར་བརླག་གཏོང་མཁན་ཚོ་ཉེས་ཅན་པར་ངོས་འཛིན་བཞིན་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་ག་འདྲ་སྤེལ་གྱི་ཡོད་མེད་རྟོག་ཞིབ་སླད། ནག་སེལ་གཤེད་བཅོམ་འཐབ་རྩོད་ཚོགས་པའི་ལྟ་སྐུལ་ཚོགས་པ་ ༡༣ པས། བོད་རང་སྐྱོང་ལྗོངས་ཀྱིས་ནག་སེལ་གཤེད་བཅོམ་འཐབ་རྩོད་ཁྲོད་མ་འདང་བའི་དག་ཐེར་བསམ་འཆར་དོན་ཚན་དྲུག་བཏོན་ཏེ། བོད་མིའི་རིག་གཞུང་རྒྱུན་འཛིན་དར་སྤེལ་གྱི་བྱེད་སྒོ་དང་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་བྱ་འགུལ། གཞན་ཡང་བོད་རིགས་དཀྱུས་མའི་གནས་སྟངས་ཡར་རྒྱས་གཏོང་ཐབས་ཀྱི་དམངས་ཁྲོད་དང་བླངས་ཞབས་ཞུའི་རིགས་ཚང་མར་དྲག་གནོན་སྔར་ལྷག་བྱེད་ཐབས་བྱས་ཡོད་ལ། མདོར་ན་ནག་སེལ་གཤེད་བཅོམ་ལས་འགུལ་འོག་རྒྱ་ནག་གཞུང་གིས་ད་བར་ཉུང་མཐར་ཁྱོན་བོད་མི་ ༤༠༠ ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༡༦

Leave a Reply