བོད་ཀྱི་ཕྱི་འབྲེལ་ཇུས་ཆེན་སྐོར་ལ་གྲོས་བསྡུར་བྱས་ཡོད་ཟེར།

རྒྱ་ནག་གཞུང་གིས་ཆེད་མངགས་བོད་འབྲེལ་ཕྱི་ཕྱོགས་བརྟག་ཞིབ་ཚོགས་པ་ཟེར་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ལས་དོན་བྱེད་ཕྱོགས་ཐད་གྲོས་བསྡུར་བྱས་ཡོད་འདུགཁ་སང་ཕྱི་ཚེས་ ༡༥ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཆེད་མངགས་བོད་འབྲེལ་ཕྱི་ཕྱོགས་བརྟག་ཞིབ་ཚོགས་ཆུང་ཟེར་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་སར་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚོ་དང་མཉམ་དུ་ཚོགས་འདུ་ཚོགས་ཏེ་བོད་དང་འབྲེལ་བའི་ཕྱི་ཕྱོགས་ལས་དོན་གྱི་ཇུས་ཆེན་ཟེར་བ་ཞིག་ལ་གྲོས་བསྡུར་བྱས་ཡོད་པ་དང་།  ཚོགས་འདུའི་སྟེང་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཆི་ཡུས་ཟེར་བས། བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་ནི་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལྷུ་ཚིགས་གལ་ཆེན་ཞིག་ཆགས་ཡོད་པས། བོད་དང་འབྲེལ་བ་ཡོད་པའི་འཐབ་རྩོད་ཀྱི་རྙོག་འཛིང་དང་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཆེད་འཐབ་རྩོད་དགོས་སྐོར་བརྗོད་འདུག

ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས། བོད་ལྗོངས་ནི་དམིགས་བསལ་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས། ཐོག་མཐའ་བར་གསུམ་དུ་རྒྱ་ནག་གཞུང་གིས་དམིགས་བསལ་ཐུགས་ཁུར་བྱས་ཡོད་པ་མ་ཟད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད། ཞི་ཅིན་ཕིན་རང་གིས་སྣེ་ཁྲིད་འོག་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་། སྔ་རྗེས་སུ་བོད་ཀྱི་ལས་དོན་ཐད་ལམ་སྟོན་གལ་ཆེན་རབ་དང་རིམ་པར་བྱས་པས་བོད་སྐྱོང་ལམ་ལུགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཚུལ་བརྗོད་འདུག

ཡང་ཁོས། བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་དེ་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། ང་ཚོས་ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འོག  ཞི་ཅིན་ཕིན་གྱི་ཕྱི་འབྲེལ་དགོངས་པ་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ཕྱི་འབྲེལ་ལས་དོན་དང་འབྲེལ་ཡོད་ལས་དོན་ཏན་ཏིག་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་ཁོར་ཡུག་བཟང་པོ་བཏོད་ནས་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེའི་རྗེས་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིས། བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་ནི་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལྷུ་ཚིགས་གལ་ཆེན་ཞིག་ཆགས་ཡོད་པས། བོད་དང་འབྲེལ་བ་ཡོད་པའི་འཐབ་རྩོད་ཀྱི་རྙོག་འཛིང་དང་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བོད་ཀྱིས་ཉེ་འཁོར་དང་མཉམ་ལས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། རང་རྒྱལ་བདེ་འཇགས་ཀྱི་ལྷོ་ནུབ་སྲུང་ཡོལ་བརྟན་པོ་བསྐྲུན་དགོས་པ་མ་ཟད། མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་གཙང་སྒྲུབ་བྱེད་དགོས། རིག་སྟོབས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་ཕྱི་ཕྱོགས་ལས་དོན་ལ་སྔར་བས་རྒྱབ་སྐྱོར་དང་ཞབས་འདེགས་ཡག་པོ་ཞུ་དགོས་ཚུལ་བརྗོད།

ཐེངས་འདིའི་གྲོས་མོལ་ཚོགས་འདུ་ཟེར་བའི་སྟེང་བོད་ཀྱི་ཕྱི་འབྲེལ་ཇུས་ཆེན་སྐོར་ལ་གྲོས་མོལ་བྱས་སྐོར་ལས། གཞན་བོད་ཀྱི་ཕྱི་འབྲེལ་ཇུས་ཆེན་ཟེར་བ་ག་འདྲ་ཞིག་ལ་ངོས་འཛིན་དང་ཇུས་ཆེན་ག་རེ་སྐོར་ཡིན་སོགས་གསལ་ཁ་མེད་ཀྱང་། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཡིས་སྔར་ལོ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གར་དང་བལ་ཡུལ་སོགས་ནང་སྐོར་སྐྱོད་བྱས་པ་དེས། བོད་ཀྱི་ཕྱི་འབྲེལ་ལས་དོན་སྟབས་བདེ་རུ་དང་ནུས་པ་ཆེན་པོ་ཐོན་སྐོར་བརྗོད་ཡོད་འདུག རྒྱ་ནག་གཞུང་གིས་ནམ་རྒྱུན་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་དང་འབྲེལ་ནས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་ཚོགས་ཀྱི་ཡོད་པ་ལས། བོད་ཀྱི་ཕྱི་ཕྱོགས་འབྲེལ་ལམ་གྱི་ཇུས་ཆེན་ཟེར་བ་ལྟ་བུ་ད་བར་ཆེད་དམིགས་ཚོགས་མྱོང་མེད་པ་དང་། བོད་ཀྱི་ལས་དོན་ཚོགས་འདུ་ཟེར་བས་སྟེང་ནམ་རྒྱུན་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མི་ཚོར་ཁ་གཏད་གཅོག་དགོས་སྐོར་དང་། ཕྱི་ལོག་གི་བཙན་འཛུལ་བར་འཐབ་རྩོད་དགོས་སྐོར་གྱི་གཏམ་བཤད་རྐྱང་སྤེལ་བཞིན་ཡོད་ཀྱང་། ཐེངས་འདིའི་ཕྱི་འབྲེལ་ཚོགས་འདུ་ཟེར་བའི་སྟེང་བོད་ཀྱི་ཕྱི་འབྲེལ་དེ་རྒྱ་ནག་ལ་གལ་ཆེན་ཡིན་སྐོར་ལས་༧གོང་ས་མཆོག་དང་བོད་མི་ཚོར་ངན་དམོད་རིགས་བྱས་ཡོད་མེད་ཀྱི་གནས་ཚུལ་སྤེལ་མི་འདུག

རྒྱ་ནག་གཞུང་གིས་ད་བར་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དགུ་ལ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་བོད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་མཉམ་ཞུགས་ཀྱིས་བོད་དོན་སྐོར་ལ་གཏམ་བཤད་བྱེད་སྐབས།  ངེས་པར་དུ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་སྟངས་འཛིན་ནན་པོ་ཐུབ་པ་བྱས་ཏེ། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་སྲིད་བྱུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།  ངེས་པར་དུ་རྒྱ་ནག་གི་མི་རིགས་སྲིད་བྱུས་དང་ཆོས་ལུགས་སྲིད་བྱུས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་དགོས་ཟེར་བ་དང་། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་།  མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལ་བརྟན་བརླིང་ཡོང་བ་བྱེད་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༡༨

Leave a Reply