མཚོ་སྔོན་པོར་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

བོད་ཁུལ་གྱི་དྭངས་ཤིང་གཙང་བའི་མཛེས་ལྗོངས་མང་པོ་ཞིག་ཏུ་རྒྱ་ནག་གཞུང་གིས་མིང་སྣ་ཚོགས་བཏགས་ཏེ་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་བཟོ་བཞིན་ཡོད་པ་ལྟར་མཚོ་སྔོན་པོར་རྒྱལ་ཁབ་སྤྱི་གླིང་ཟེར་བ་ཞིག་བཟོ་འཆར་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༨ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་གོ་བོད་ཀྱི་དྲ་བ་ཟེར་བས་གནས་ཚལ་སྤེལ་བ་ལྟར་ན། འདི་ལོ་ནས་བཟུང་རྒྱ་ནག་གཞུང་གིས་ལོ་གསུམ་རིང་གི་མཚོ་སྔོན་པོའི་སྤྱི་གླིང་འཛུགས་སྐྲུན་ལས་གཞི་འགོ་རྩོམ་རྒྱུ་ཡིན་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ཟེར་བ་དེ་ནི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་། སྐྱེ་ཁམས་སྲུང་སྐྱོང་། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་ལས་དོན་གཙོ་བོར་ནུས་ཤུགས་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་ལས་དོན་གཙོ་བོ་ནུས་ཤུགས་བཏོན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པར་བཤད།

དེ་འབྲེལ་གནས་ཚུལ་ནང་མཚོ་སྔོན་པོའི་སྤྱི་གླིང་གི་ལོ་གསུམ་གྱི་ལས་གཞིའི་དམིགས་ཚད་ནི། ཕྱི་ལོ་ ༢༠༢༠ ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་འགོ་རྩོམ་རྒྱུ་དང་། ཕྱི་ལོ་ ༢༠༢༡ ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་རེ་ཞུའི་ལས་དོན་འགོ་རྩོམ་རྒྱུ། ཕྱི་ལོ་ ༢༠༢༢ ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱ་རྒྱུ་བཅས་ཡིན་པ་དང་། འདི་ལོ་ནས་བཟུང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་རེ་ཞུ་འགོ་རྩོམ་པའི་ལོ་ཞེས་འབོད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་མཚོ་སྔོན་པོར་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་གཞི་ཟེར་བ་དེ་ཕྱི་ལོ་ ༢༠༡༩ ལོའི་ནང་གཏན་འབེབ་བྱས་ཡོད་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་སྤྱི་གླིང་འཛུགས་སྐྲུན་གྱི་དམིགས་ཡུལ་ནི་མཚོ་སྔོན་པོར་མཛེས་ལྗོངས་ས་ཁུལ་བསྐྲུན་རྒྱུ་དང་། མཚོ་སྔོན་པོའི་མཛེས་ལྗོངས་ས་ཁུལ་དུ་ཡུལ་སྐོར་བ་བསྡུ་ལེན་བྱས་ཏེ། མཚོ་སྔོན་པོའི་ཡུལ་སྡེའི་ཡུལ་སྐོར་ཐོན་ཁུངས་རོགས་འདེགས་དང་། མང་ཚོགས་ལ་སྣེ་ཁྲིད་དེ་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ཁུངས་དང་ཡུལ་སྐོར་ཞབས་ཞུའི་ལས་རིགས་སྤེལ་ཏེ། མི་མང་གི་ཡོང་འབབ་འཕར་སྣོན་གྱིས་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་སོགས་ཡིན་སྐོར་བཀོད་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོར་བོད་ཀྱི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་ ༢༥ ལྷག་ཡོད་པའི་གཙང་གསུམ་ཆུ་མགོར་འཛམ་གླིང་གི་ཆེས་ཆེ་བའི་སྤྱི་གླིང་ཞིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་བསྟུན། རིམ་གྱིས་བོད་ཁུལ་གྱི་མཛེས་ལྗོངས་ས་ཁུལ་མང་པོ་ཞིག་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་བཟོ་ཆེད། ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་འོག་ནས་སྤྱི་གླིང་དང་སྐྱེ་ཁམས་སྲུང་རགས་ཟེར་བ་མང་པོ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་དག་ནི་ཡུལ་མིའི་དཔལ་འབྱོར་ཁེ་ཕན་དང་ཁོར་ཡུག་སྲུང་སྐྱོབ་ཆེད་ཡིན་སྐོར་བརྗོད་བཞིན་ཡོད་ཀྱང་། ལས་གཞི་ལག་བསྟར་སྐབས་ས་གནས་མི་མང་གི་ལག་ནས་ས་ཆ་ལེན་པ་དང་། རོང་འབྲོང་མང་ཚོགས་ཕྱིར་འཕུད་བཏང་བ། ཡུལ་སྐོར་བ་མང་དྲགས་པས་ཁོར་ཡུག་གནོད་སྐྱོན་དང་གད་སྙིགས་ཚབས་ཆེན་བཟོས་པ་སོགས་ཀྱི་གནས་སྟངས་མང་པོ་བྱུང་གི་ཡོད་འདུགཕྱི་ལོ་ ༢༠༡༦ ལོར་ཧོང་ཀོང་རང་དབང་གསར་ཁང་གིས་དེ་འབྲེལ་དབྱེ་ཞིབ་གསར་འགྱུར་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་མང་པོ་འཛུགས་སྐྲུན་བྱས་ཏེ། ཕྱི་ལོ་ ༢༠༢༠ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ལོ་རེར་ས་ཡ་ ༣༥ ཟིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་།  ཕྱི་ལོ་ ༢༠༠༥ ལོར་བོད་ཁུལ་དུ་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༤ ལས་འབྱོར་མེད་ན་ཡང་། ཕྱི་ལོ་ ༢༠༠༦ ལོར་བོད་ཁུལ་དུ་ལྕགས་ལམ་འཛུགས་སྐྲུན་བྱས་པ་ནས་བཟུང་། བོད་ཁུལ་དུ་ལོ་རེར་ཆ་སྙོམས་ཡུལ་སྐོར་སྤྲོ་འཆམ་པ་བརྒྱ་ཆ་ ༢༠ ཇེ་མང་དུ་སོང་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༢༤ ཟིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་དབྱིན་ཇིའི་ཆབ་སྲིད་སློབ་དཔོན་རྩོམ་པ་པོ་ལྕམ་ཧྥི་ན་མེག་ཀཱེ་ཡིས་(Fiona McKay)ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་བཟོ་འཆར་ཡོད་འདུག་ཅེས་པའི་ཆེད་རྩོམ་ཞིག་སྤེལ་བའི་ནང་། གལ་སྲིད་རྒྱ་ནག་གཞུང་གིས་ལས་འཆར་དེ་དངོས་སུ་མགོ་འཛུགས་བྱས་ཚེ། ད་ལྟ་བོད་མི་གནས་སྡོད་བྱེད་ཡུལ་མང་པོ་ཞིག་ལས་གཞི་དེའི་ཁོངས་སུ་ཚུད་རྒྱུ་ཡིན་པ་མ་ཟད། ཡུལ་མི་རྣམས་ཀྱིས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ལས་རིགས་མང་པོ་ཞིག་ཀྱང་མཚམས་འཇོག་དགོས་ཆགས་ངེས་པ་དང་། ད་ལྟ་གཏོར་བཤིག་ཆེན་པོ་ཞིག་བོད་མི་རྣམས་ཀྱི་མགོ་ཐོག་ཏུ་ལྷུང་ལ་ཉེ་བ་དང་། སྤྱིར་རྒྱལ་ཡོངས་སྤྱི་གླིང་བཟོས་ན་གཏེར་ཁ་སྔོག་འདོན་ལས་གཞི་བཀག་འགོག་དང་། རྒྱུག་ཆུ་དང་གཙང་བོར་ཆུ་མཛོད་སོགས་རྒྱག་མི་ཆོག་ཀྱང་། རྒྱ་ནག་གི་རྒྱལ་ཡོངས་སྤྱི་གླིང་ལས་གཞི་དེའི་ཁོངས་སུ་ཆུ་རགས་མང་པོ་རྒྱག་རྒྱུའི་འཆར་གཞི་འདུག གལ་ཏེ་བོད་ཀྱི་རྒྱུག་ཆུ་དང་གཙང་བོ་དེ་དག་ལ་ཆུ་མཛོད་བརྒྱབ་ཚེ། ཨེ་ཤ་ཡའི་མི་འབོར་དུང་ཕྱུར་མང་པོར་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་རེད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༡༩

Leave a Reply