ཏོག་ནད་ལ་རྒྱལ་སྤྱིའི་རང་བཞིན་གྱིས་ཞིབ་འཇུག་གནང་རྒྱུ་ཡིན་སྐོར་བསྒྲགས།

འཛམ་གླིང་རྒྱལ་ཁབ་ ༡༢༠ ལྷག་གིས་གོ་ལའི་ཏོག་དབྱིབས་གཉན་རིམས་ཐད་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་དགོས་པར་རྒྱབ་སྐྱོར་བྱས་ཡོད་ཀྱང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཞིབ་འཇུག་ཕྱིར་འགྱངས་དགོས་པའི་གཏམ་བཤད་སྤེལ།ཁ་སང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ ༡༩༤ ཡི་ལོ་འཁོར་ཚོགས་ཆེན་ (World Health Assembly) བརྙན་ལམ་བརྒྱུད་ཚོགས་ཡོད་ཅིང་། ཡུ་རོབ་སྤྱི་མཐུན་གྱི་སྣེ་ཁྲིད་འོག་རྒྱལ་ཁབ་ ༡༢༠ ལས་མང་བས་གོ་ལའི་ཏོག་དབྱིབས་གཉན་རིམས་ཐད་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་བྱེད་དགོས་པའི་འཆར་ཟིན་གྲོས་འཆར་ལ་རྒྱབ་སྐྱོར་བྱས་པར་བརྟེན། ཚོགས་འདུའི་ཐོག་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊི་ཌོར་སི་(Tedros Adhanom Ghebreyesus) ཡིས་ལྷན་ཚོགས་ངོས་ནས་གང་མགྱོགས་གོ་ལའི་ཏོག་དབྱིབས་གཉན་རིམས་འགོག་རྒོལ་ཐད་རང་དབང་ལྡན་པའི་ཞིབ་འཇུག་ཅིག་མགོ་བརྩམ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག འོན་ཀྱང་། རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་སྟངས་འཛིན་བྱས་རྗེས་མ་གཏོགས་ཞིབ་འཇུག་མགོ་བརྩམ་རྒྱུར་མོས་མཐུན་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག

ཐེངས་འདིའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གཏམ་བཤད་པར་མགྲོན་འབོད་བྱས་པ་ལྟར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད། རྒྱ་ནག་གིས་ད་བར་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བྱས་ཡོད་སྐོར་དང་། ཡུ་རོབ་མཐུན་ཚོགས་ཀྱིས་བཏོན་པའི་གྲོས་འཆར་གཞིར་བཟུང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཏོག་དབྱིབས་རིམས་འགོག་བྱ་འགུལ་ལ་རང་དབང་ལྡན་པའི་ཞིབ་འཇུག་བྱ་དགོས་ཟེར་བ་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། གོ་ལའི་ཏོག་དབྱིབས་རིམས་འགོག་བྱ་འགུལ་ལ་ཞིབ་འཇུག་བྱེད་ཕྱོགས་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྣེ་ཁྲིད་པ་ཞིག་དང་། གོ་ལའི་ཏོག་དབྱིབས་གཉན་རིམས་སྟངས་འཛིན་བྱས་རྗེས་མ་གཏོགས་ཞིབ་འཇུག་བྱ་རྒྱུར་འདོད་པ་མེད་སྐོར་བརྗོད་ཡོད་འདུག

འདས་པའི་ཟླ་བ་གཅིག་རིང་ཨ་རིའི་གཙོས་པའི་ནུབ་གླིང་རྒྱལ་ཁབ་རྣམས་ཀྱིས། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་དང་འབྲེལ་ནས་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་ཅིག་བྱ་དགོས་པ་མ་ཟད། རྒྱ་ནག་དང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཉན་རིམས་འགོག་རྒོལ་ཐད་ལའང་ཞིབ་འཇུག་དགོས་པའི་སྐུལ་འདེད་བྱས་པ་དེས་རྒྱ་ནག་ལ་གནོན་ཤུགས་གང་ཙམ་སླེབས་ཡོད་ནའང་། རྒྱ་ནག་གིས་ཨ་རིས་ཆབ་སྲིད་རྩོད་ཀྱི་ཡོད་སྐོར་ལ་ཁག་དཀྲིས་ཏེ་དེར་ངོ་རྒོལ་བྱས་ཡོད་པ་མ་ཟད། ཟླ་སྔོན་མར་ཨོ་གླིང་གཞུང་གིས་ཀྱང་རྒྱ་ནག་ལ་ཞིབ་འཇུག་དགོས་པའི་འབོད་སྐུལ་བྱས་པའི་རྐྱེན་གྱིས། ཕྱོགས་གཉིས་ཀྱི་ཕྱི་སྲིད་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་མ་ཟད། རྒྱ་ནག་གིས་མངོན་གསལ་དོད་པོས་ཨོ་གླིང་ལ་དཔལ་འབྱོར་གྱི་འཇིགས་སྐུལ་བྱས་ཡོད་པ་རེད། འོན་ཀྱང་ད་ཐེངས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱིས་འདས་པའི་ཟླ་ཤས་རིང་རྒྱལ་སྤྱིའི་སྒྲིག་འཛུགས་དང་རྒྱལ་ཁབ་སོ་སོས་ཏོག་དབྱིབས་གཉན་རིམས་འདིར་འགོག་རྒོལ་ཇི་ལྟར་བྱས་ཡོད་མེད་ཐད་རྒྱལ་སྤྱིའི་རང་བཞིན་གྱི་རང་དབང་ལྡན་པའི་ཞིབ་འཇུག་ཅིག་བྱ་དགོས་པའི་འཆར་ཟིན་གྲོས་འཆར་བཏོན་པ་དེར། འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ ༡༢༠ ལས་མང་བས་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་བསྟན་ཡོད་སྟབས། རྒྱ་ནག་ངོས་ནས་ཀྱང་དེར་བསྟུན་མཁས་མ་བྱས་ཐབས་མེད་ཆགས་ཡོད། དེ་རིང་གྲོས་འཆར་དེར་ཚོགས་ཁོངས་རྒྱལ་ཁབ་ ༡༩༤ ཡིས་འོས་འཕེན་རྒྱུ་ཡིན་པ་དང་། གྲོས་འཆར་ཞིག་གཏན་འབེབ་ཡོང་བར་ཚོགས་མིའི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས། མང་པོས་གྲོས་འཆར་དེ་གཏན་འབེབ་ཡོང་ངེས་ཡིན་སྐོར་རྗོད་བཞིན་ཡོད་འདུག

ཨོ་གླིང་གིས་རྒྱ་ནག་ཟུར་འདོན་བྱས་ཏེ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ལ་རྩད་གཅོད་དགོས་སྐོར་བརྗོད་ཡོད་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཅིག་ཀྱང་ཟུར་འདོན་བྱས་མེད་པ་མ་ཟད། གཉན་རིམས་ཀྱི་འབྱུང་ཁུངས་སྐོར་ལའང་དེ་ཙམ་གསལ་ཁ་བཏོན་མེད་པ་རེད། དེར་མཚུངས་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊི་ཌོར་སིས་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་འཆར་གཞིར་བཟུང་འཕྲོད་བསྟེན་ལྷན་ཚོགས་ནས་རང་ཉིད་ཀྱི་ཏོག་དབྱིབས་རིམས་ནད་འགོག་རྒོལ་ཐད་ཞིབ་འཇུག་ཚོགས་རྒྱུར་མོས་མཐུན་ཡོད་སྐོར་ཙམ་ལས། ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་བྱ་རྒྱུའི་ཐད་གང་ཡང་བརྗོད་མེད་པ་མ་ཟད། ད་དུང་ལྷན་ཚོགས་དེའི་ཞིབ་འཇུག་སྙན་ཐོའི་མཇུག་བསྡོམས་བསམ་ཚུལ་ནང་། ད་ལྟའི་ཆར་ལྷན་ཚོགས་ཀྱི་ནུས་པ་ཡོད་ཚད་ནད་ཡམས་འགོག་རྒོལ་ཆེད་གཏོང་གལ་ཆེ་སྟབས། རྒྱལ་སྤྱིའི་ཞིབ་འཇུག་དེ་དག་ཕྱིར་འགྱངས་བྱས་ན་ལེགས་པོ་ཡོད་སྐོར་འཁོད་ཡོད་འདུགཉིན་གཉིས་རིང་གི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༣༧ པ་འདིའི་ཐོག་གནད་དོན་གལ་ཆེ་བ་གཞན་ནི། ཐའེ་ཝན་ལྷན་ཚོགས་ཀྱི་ཚོགས་འདུའི་ཟུར་ཉན་པའི་ཁོངས་སུ་འཇོག་མིན་དེ་ཡིན། ཏོག་དབྱིབས་གཉན་རིམས་བྱུང་རྗེས་ཐའེ་ཝན་གྱི་གནད་དོན་འདིར་གླེང་སློང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐའེ་ཝན་གྱིས་ལེགས་གྲུབ་བྱུང་བའི་རིམས་འགོག་བྱ་འགུལ་ལ་བསྟོད་བསྔགས་ཆེན་པོ་བྱས་ཡོད་ཅིང་། ཕྱོགས་གཞན་ནས་ཏོག་དབྱིབས་རིམས་ནད་འདིས་རྒྱ་ནག་གི་ཁ་གཏད་རྒྱལ་ཁབ་ཨ་རི་ལྟ་བུར་མཚོན་ན། རྒྱ་ནག་གི་སྐྱོན་མཚང་འབྲུ་རྒྱུའི་གོ་སྐབས་སྔར་བས་མང་བར་གྱུར་བར་བརྟེན། ཨ་རིའི་རྒྱབ་སྐྱོར་འོག་ཐའེ་ཝན་ངོས་ནས་ཀྱང་རང་ཉིད་ལྷན་ཚོགས་ཀྱི་ཟུར་ཉན་པའི་ཁོངས་སུ་བསྐྱར་ཞུགས་ཡོང་རྒྱུའི་ཐད་འབད་བརྩོན་བྱས་ཡོད་ཀྱང་། ཁ་སང་དྲ་ལམ་ཚོགས་ཆེན་ཐོག་ལྷན་ཚོགས་ཀྱི་ཁ་ཕྱོགས་ནད་ཡམས་ཁོ་ནར་གནས་ཆེད། གནས་སྐབས་རིང་ཐའེ་ཝན་གྱི་གནད་དོན་དེ་ཕྱིར་འགྱངས་བྱས་ཡོད་འདུག དེར་ཐའེ་ཝན་གཞུང་གིས་བློ་ཕམ་དང་ངོ་རྒོལ་ཡོད་སྐོར་བསྒྲགས་ཡོད་པ་ཟད། ཨ་རིས་ཀྱང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཐག་གཅོད་དེར་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་འདུག

གཞན་ཡང་ཁ་སང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ངོས་ནས་རྒྱལ་ཁབ་གཞན་ཚོར་ཏོག་དབྱིབས་རིམས་འགོག་ཆེད་ཡོང་རྒྱུའི་ལོ་གཉིས་ནང་ཨ་སྒོར་ཐེར་འབུམ་ ༢ སྤྲོད་རྒྱུ་ཡིན་པ་མ་ཟད། རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་ཐོན་ཚེ་གང་མྱུར་གཞན་ལ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། དབྱེ་ཞིབ་པ་དང་ཨ་རིའི་ཆེས་མཐོའི་མགོ་འཁྲིད་རྣམས་ཀྱིས་དེ་ནི་རྒྱ་ནག་གིས་རང་གི་བྱས་ཉེས་གཡོལ་ཐབས་ཤིག་ཡིན་སྐོར་དང་། ཡང་འགའ་ཤས་ཀྱིས་ད་ལན་རྒྱ་ནག་གི་བྱེད་ཐབས་འདི་ནི། རྒྱ་ནག་གིས་རང་ཉིད་དཀའ་རྙོག་བཟོ་མཁན་ཞིག་ནས་འཚེ་བ་ཕོག་མཁན་དང་གཞན་སྐྱོབ་བྱེད་མཁན་ཞིག་གི་སྣང་བརྙན་ལ་བསྒྱུར་རྒྱུའི་བྱུས་ངན་གྱི་དཔེ་མཚོན་ཞིག་ཡིན་སྐོར་བརྗོད་ཡོད་འདུག

ཁ་སང་ཨ་རིའི་ཚོགས་འདུའི་ཐོག་འཕྲོད་བསྟེན་ལྷན་ཚོགས་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། དེ་རིང་སྲིད་འཛིན་ཊོམ་ཕུས་འཕྲོད་བརྟེན་ལྷན་ཚོགས་དེ་རྒྱ་ནག་གི་རྒྱུག་ཁྱི་ཞིག་ཡིན་སྐོར་བརྗོད་ཡོད་པ་མ་ཟད། འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཊི་ཌོར་སིའི་མིང་ཐོག་ལ་ཡི་གེ་ཞིག་བསྐུར་ཏེ། འཕྲོད་བསྟེན་ལྷན་ཚོགས་ངོས་ནས་ཉིན་གྲངས་ ༣༠ ནང་ཚུད་དུ་རང་ཉིད་ལ་བཅོས་བསྒྱུར་བྱས་ཏེ་ཡར་རྒྱས་མ་ཕྱིན་ཚེ། ཨ་རིས་དེ་སྔོན་འཕྲོད་བསྟེན་ལ་འབུལ་རྒྱུའི་མ་དངུལ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་ཀྱང་། ད་ཐེངས་གཏན་དུ་འགོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག ཡི་གེ་དེའི་ནང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་ཐད་གཅོད་དེ་དག་གིས་འཛམ་གླིང་ལ་གྱོང་གུད་ཆེན་པོ་ཕོག་ཡོད་པ་དང་། ཡར་རྒྱས་དགོས་པའི་གནས་ཁོ་ན་ནི་ལྷན་ཚོགས་ཀྱིས་རང་ཉིད་རྒྱ་ནག་གི་ཤུགས་རྐྱེན་འོག་མེད་པར་རང་དབང་ཡིན་པ་སྟོན་རྒྱུ་དེ་ཡིན་སྐོར་འཁོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༡༩

Leave a Reply

One thought on “ཏོག་ནད་ལ་རྒྱལ་སྤྱིའི་རང་བཞིན་གྱིས་ཞིབ་འཇུག་གནང་རྒྱུ་ཡིན་སྐོར་བསྒྲགས།