སང་ཉིན་མཚོ་རླུང་ཚབས་ཆེན་ཞིག་འབྱུང་ཉེན་ཡོད་འདུག

སང་ཉིན་ཕྱི་ཚེས་ ༢༠ ཉིན་རྒྱ་གར་རྒྱ་མཚོ་ནས་ཨམ་ཧྥན་མཚོ་རླུང་བསླེབ་ཀྱི་ཡོད་པས་རྒྱ་གར་དང་བྷང་གྷ་ལའི་ཕྱོགས་ཀྱི་ཡུལ་མི་ས་ཡ་ ༢ ལྷག་ཉེན་གཡོལ་དུ་འགྲོ་ཡི་ཡོད་འདུགདེ་རིང་ཕྱི་ཚེས་ ༡༩ ཉིན་རྒྱལ་སྤྱིའི་གསར་ཁང་ཁག་གི་གནས་ཚུལ་ནང་། རྒྱ་གར་རྒྱ་མཚོ་ནས་མགྱོགས་ཚད་ཆུ་ཚོད་གཅིག་རིང་སྤྱི་ལེ་ ༢༤༠ རྒྱུགས་ཐུབ་པའི་མཚོ་རླུང་ཞིག་རྒྱ་གར་དང་བྷང་ག་ལའི་ཕྱོགས་སུ་ཡོང་གི་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀྱིས་ཡུལ་མི་ས་ཡ་ ༢ ལྷག་ཉེན་གཡོལ་དུ་འགྲོ་ཡི་ཡོད་འདུག

རྒྱ་གར་རྒྱལ་ཡོངས་གནམ་གཤིས་བརྟག་དཔྱད་ཁང་གིས། ཨམ་ཧྥན་ (Amphan) དུ་འབོད་པའི་མཚོ་རླུང་དེ་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་དང་། བྷང་གྷ་ལའི་ལྷོ་ནུབ་ཕྱོགས་ཀྱི་ས་གནས་སུ་འབྱུང་རྒྱུ་ཡིན་པ་དང་། སྐམ་སར་འབྱོར་དུས་ཀྱི་མགྱོགས་ཚད་ནི་ཆུ་ཚོད་གཅིག་རིང་སྤྱི་ལེ་ ༡༩༥ ནས་ ༢༠༠ བར་ཡིན་པ་དང་། མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབ་ཆེན་ཕོག་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། སང་ཉིན་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཙམ་ལ་མཚོ་རླུང་དེ་མཚོ་འགྲམ་དུ་འབྱོར་གྱི་ཡོད་འདུགཐེངས་འདིའི་མཚོ་རླུང་ནི་ལོ་ཤས་རིང་གི་མཚོ་རླུང་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བྷང་གྷ་ལའི་རང་བྱུང་གོད་ཆག་ཚན་པའི་དྲུང་ཆེ་ཤཱ་ཀཱ་མཱལ་ (Shah Kamal) གྱིས་བརྗོད་པ་ལྟར་ན། བྷང་གྷ་ལའི་ཕྱོགས་སུ་སློབ་གྲྭ་དང་མཐོ་སློབ་ཁག་ ༧༠༠༠ ཙམ་ཚུད་པའི་ཁྱོན་སྡོད་ཁང་ ༡༢༠༠ ལྷག་གོ་སྒྲིག་བྱས་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༡༩ ཉིན་མཚོ་རྒྱུད་ཀྱི་ས་བབ་དམའ་སའི་ཡུལ་མི་གྲངས་ས་ཡ་ ༢ མ་ཟིན་ཙམ་ཞིག་ཉེན་གཡོལ་ཆེད་ས་གནས་གཞན་དུ་གནས་སྤོ་ཡི་ཡོད་པ་དང་། ཉེན་གཡོལ་བ་ཁྱོན་ས་ཡ་ ༥ ལྷག་ལ་སྡོད་གནས་གོ་སྒྲིག་བྱས་ཡོད་ཚུལ་བསྒྲགས་འདུག་ལ། རྒྱ་གར་གཞུང་གིས་ཀྱང་དེ་རིང་ཕྱི་ཚེས་ ༡༩ ཉིན་ནུབ་བྷང་གྷིལ་མངའ་སྡེའི་ (West Bengal) དང་ཨོ་རི་ས་མངའ་སྡེའི་ (Orissa) གཉིས་ཀྱི་ས་བབ་དམའ་སའི་མི་གྲངས་འབུམ་ ༢ ལྷག་ཉེན་གཡོལ་དུ་འགྲོ་ཡི་ཡོད་པ་དང་། ཨོ་རི་ས་མངའ་སྡེ་གཞུང་གིས་མི་གྲངས་ས་ཡ་ ༡ ལྷག་ལ་སྡོད་ཁང་གྲ་སྒྲིག་བྱས་ཡོད་སྐོར་བསྒྲགས་འདུགརྒྱལ་ཁབ་གཉིས་ཀྱི་ནང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་གཉན་རིམས་ཉིན་ལྟར་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཡུལ་མི་རྣམས་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་ཡོད་སྟབས། དུས་ཡུན་ཐུང་ངུ་ཞིག་གི་ནང་ཉེན་གཡོལ་དུ་འགྲོ་དགོས་པ་དང་། ཉེན་གཡོལ་སྐབས་སྡོད་གནས་གཅིག་ཏུ་ནད་ཡམས་འགོས་ཁྱབ་དུ་མི་འགྲོ་ཆེད་རྒྱང་ཐག་འཛིན་པ་དང་དུག་སེལ་བྱེད་པ། དེ་བཞིན་ཁ་རས་མཁོ་སྤྲོད་བྱེད་པ་སོགས་ནི་གདོང་ལེན་གསར་པ་ཞིག་ཏུ་གྱུར་ཡོད་འདུག

བྷང་གྷ་ལའི་མཚོ་རྒྱུད་ཀྱི་ས་ཁུལ་ཁག་དང་རྒྱ་གར་གྱི་ནུབ་བྷང་གྷིལ་དང་ཨོ་རི་ས་མངའ་སྡེ་བཅས་ཀྱི་ནང་ལོ་ལྟར་ཕྱི་ཟླ་ ༤ ནས་ ༡༢ ནང་བར་མཚོ་རླུང་འབྱུང་གི་ཡོད་སྟབས། མི་གྲངས་སྟོང་ཕྲག་མང་པོ་ཉེན་གཡོལ་དུ་འགྲོ་དགོས་ཁེལ་གྱི་ཡོད་པ་དང་། ས་ཞིང་དང་སྡོད་གནས་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་གི་ཡོད་པ་རེད། ཕྱི་ལོ་ ༡༩༩༩ ལོར་ཨོ་རི་ས་མངའ་སྡེའི་ནང་མཚོ་རླུང་བྱུང་སྟེ་མི་གྲངས་ཁྲི་ ༡ ལ་ཉེ་བ་ཙམ་རྐྱེན་འདས་སུ་ཕྱིན་པ་དང་། ཕྱི་ལོ་ ༡༩༩༡ ལོར་བྷང་གྷ་ལའི་ནང་མཚོ་རླུང་གིས་མི་གྲངས་ཁྲི་ ༡༤ མ་ཟིན་ཙམ་རྐྱེན་འདས་སུ་བཏང་ཡོད་པ་དང་། རྒྱུ་དངོས་ལ་གྱོང་གུད་ཆེན་པོ་ཐེབས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༡༩

Leave a Reply