༧པཎ་ཆེན་མཆོག་སློབ་ཆེན་ནས་མཐར་ཕྱིན་ཏེ་ཕྱག་ལས་གནང་གི་ཡོད་སྐོར་བཤད།

ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སློབ་ཆེན་མཐར་ཕྱིན་ཏེ་ཕྱག་ལས་གནང་གི་ཡོད་སྐོར་བསྒྲགས་འདུགགསར་འགོད་གསལ་བསྒྲགས་སྐབས་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ལ་ཐུགས་ཐད་བཅད་པ་དེ་ནི་ཁྲིམས་འགལ་དང་ནུས་མེད་ཅིག་ཡིན་སྐོར་དང་། ད་ལྟ་ཁོང་ནི་སྤྱིར་བཏང་གི་འཚོ་བ་རོལ་བཞིན་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་དཀྱུས་མ་ཞིག་དང་། ཁོང་སློབ་ཆེན་མཐར་ཕྱིན་ཏེ་ཕྱག་ལས་གནང་གི་ཡོད་ལ། ཁོང་གི་ཁྱིམ་མིར་གཞན་གྱིས་སུན་པོ་བཟོ་བར་ཐུགས་འདོད་མེད་པ་དེར་རྒྱ་ནག་གཞུང་གི་འབྲེལ་ཡོད་ཀྱིས་ཡོངས་སུ་བསམ་ཤེས་དང་བརྩི་བཀུར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ངོས་འཛིན་གནང་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༦ ཙམ་གྱི་ཐོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ། གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༥ འཁོར་བའི་ཉིན་མོ་ཡིན་ལ། དེར་བསྟུན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo) མཆོག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་རྩིས་མེད་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་དང་སྦྲགས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་བཞུགས་ཡོད་མེད་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ལ། གཞུང་གི་ཐེ་བྱུས་མེད་པར་བོད་བརྒྱུད་ནང་བསྟན་གྱི་སྲོལ་བཞིན་རྗེས་འཇུག་པ་ཚོས་ངེས་པར་དུ་རང་ཉིད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ངོས་འཛིན་དང་ཚུལ་བཞིན་སློབ་གཉེར་གནང་དུ་འཇུག་དགོས་སྐོར་གསུངས་ཡོད་པ་རེད།

དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཐེངས་འདིར་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་ཀློད་གྲོལ་ཡོང་སླད་རྒྱབ་སྐྱོར་ཤུགས་ཆེན་འདི་ལྟ་བུ་གནང་བ་ནི་དུས་ཡུན་རིང་པོའི་རྗེས་བྱུང་བ་ཞིག་ཡིན་སྟབས།  བོད་མི་ཚོར་ཨ་རིའི་གཞུང་གིས་མུ་མཐུད་རྒྱབ་སྐྱོར་སྲ་བརྟན་རྒྱུན་སྐྱོང་གནང་བཞིན་པ་གསལ་འདོན་གནང་བ་ཞིག་མཚོན་ཐུབ། ཅེས་གསུངས་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོིས་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཞུ་གཏུགས་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཁྱིམ་མི་གར་ཡོད་དང་ཁོང་རྣམ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སོགས་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་ཐག་བཅད་པའི་༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་རྗེས། རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་མཚན་ནོར་བུ་ཞེས་པའི་བོད་པའི་ཕྲུ་གུ་ཞིག་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས་ཡོད་ཀྱང་། བོད་ཕྱི་ནང་གཉིས་ནས་རྒྱལ་མཚན་ནོར་བུ་ལགས་ལ་རྒྱ་ནག་གཞུང་གི་༧པཎ་ཆེན་ནམ་༧པཎ་ཆེན་རྫུན་མ་ཞེས་འབོད་ཀྱི་ཡོད་པ་དང་། རྒྱལ་མཚན་ནོར་བུ་ལགས་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་ལ་རྒྱ་ནག་གཞུང་གིས་བོད་མི་ཚོར་བཙན་གྱིས་མཉམ་ཞུགས་བྱེད་དུ་འཇུག་གི་ཡོད་པ་མ་ཟད། འདས་ལོར་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ལགས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོཊ་ཀྱི་ཚོགས་གཙོར་བསྐོས་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དང་འབྲེལ་ཏེ། ལོ་བརྒྱ་ཙམ་གོང་བོད་ནང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་པའི་བླ་མ་རྩ་ཆེན་ཞིག་བྱུང་བ་ཁོང་དགོངས་པ་གཤེགས་རྗེས་ཁོང་གི་ཡང་སྲིད་ལྔ་བྱུང་བ་རེད། སྐུ། གསུང་། ཐུགས། ཡོན་ཏན། འཕྲིན་ལས་བཅས་ལྔ་བྱུང་བ་རེད། དེར་བརྟེན་བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད། ཅེས་གསུངས་གནང་ཡོད་པ་དང་། དེ་བཞིན་༧པཎ་ཆེན་མཆོག་སྐུ་འཚོ་བཞུགས་ཡིན་པའི་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་ཞུ་མཁན་བྱུང་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༢༠

Leave a Reply

2 thoughts on “༧པཎ་ཆེན་མཆོག་སློབ་ཆེན་ནས་མཐར་ཕྱིན་ཏེ་ཕྱག་ལས་གནང་གི་ཡོད་སྐོར་བཤད།

  1. རྒྱས་རྫུན་བཤད་བོད་བློ་བདེ།།བློ་བཟང་གིས་གར་ཁྲབས།།བོད་བཟང་ཚོ་ཧ་ལས།།ཅི་ཁེད་བག་ལེན་སེམས་ལ་བཟུངས།

  2. རྒྱས་རྗུན་བཤད་བོད་བློ་བདེ།།
    བློ་བཟང་གིས་གར་ཁྲབས།།
    བོད་བཟང་ཚོ་ངོ་མཚར།།
    ཨ་རི་བའི་དོན་འགྲུབ།།