བོད་རིགས་མགོ་འཁྲིད་ཅིག་ལ་འདྲི་ཞིབ་བྱེད་བཞིན་འདུག

བོད་རང་སྐྱོིང་ལྗོངས་ཟེར་བའི་སྤྱི་ཁྱབ་དྲུང་ཡིག་གཞོན་པ་བཀྲ་ཤིས་རྒྱ་མཚོ་ཞེས་པའི་བོད་རིགས་མགོ་འཁྲིད་ཅིག་གིས་ལྐོག་རྔན་བླངས་ཡོད་པའི་དོགས་གཞིའི་འོག་འདྲི་ཞིབ་བྱེད་ཀྱི་ཡོད་འདུགརྒྱ་གར་གྱི་ཕྱིའི་བཀོད་པ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། བོད་རང་སྐྱོིང་ལྗོངས་ཟེར་བའི་སྤྱི་ཁྱབ་དྲུང་ཡིག་གཞོན་པ་བཀྲ་ཤིས་རྒྱ་མཚོ་ཡིས་ལྐོག་རྔན་གཡོ་ལེན་བྱས་པའི་ཉེས་མིང་འོག་འདྲི་ཞིབ་བྱེད་བཞིན་ཡོད་སྐོར་ཡོངས་བསྒྲགས་བྱས་འདུག

བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། བཀྲ་ཤིས་རྒྱ་མཚོ་ཁྲིམས་དང་སྒྲིག་སྲོལ་ལ་ཚབས་ཆེན་འགལ་ཡོད་པའི་དོགས་གཞིའི་འོག ང་ཚོས་འདྲི་གཅོད་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟ་བོེད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བཀྲ་ཤིས་རྒྱ་མཚོའི་ནག་ཉེས་གང་ཡིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་གསལ་བརྗོད་བྱས་མེད་པ་རེད།

ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་སྟག་དང་སྦྲང་མ་མཉམ་རྡུང་ཞེས་པའི་འབོད་ཚིག་འོག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་དང་། ནང་ཁུལ་གྱི་དབང་ཆ་རྩོད་ལེན་ཁྲོད་འགལ་ཟླ་ཅན་གྱི་མཐོ་རིམ་དཔོན་རིགས་མང་པོ་ཞིག་གི་གོ་གནས་ཕྱིར་བསྡུ་དང་བཙོན་འཇུག་སོགས་ཀྱི་ཁྲིམས་ཐག་བཅད་ཡོད་སྟབས། སྤྱིར་མང་ཚོགས་ཁྲོད་ཞི་ཅིན་ཕིན་གྱི་རྒོལ་རྡུང་དེར་དགའ་བསུ་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་། ཆབ་སྲིད་ཀྱི་གནད་ཡོད་མི་སྣ་མང་པོས་དངོས་ཤུགས་བརྒྱུད་གསུམ་ནས་འཐབ་རྩོད་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་རེད།

བོད་རིགས་མགོ་འཁྲིད་བཀྲ་ཤིས་རྒྱ་མཚོ་ནི་སི་ཁྲོན་ཞིང་ཆེན་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༥ ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་ཡོད་པ་དང་། ད་སྔ་བར་ཁོས་བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་དང་འགྲིམ་འགྲུལ་དང་སྦྲག་སྲིད་ལྷན་ཁང་སོགས་ཀྱི་ནང་ལས་ཀ་བྱས་མྱོང་ཡོད་འདུག

 རྒྱ་ནག་ཤིན་ཧྭ་གསར་ཁང་གི་དེའི་སྐོར་གྱི་གནས་ཚུལ་ལྟར་ན། འདས་ལོར་རྒྱ་ནག་དམར་ཤོག་ཚོགས་པས། ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག དམར་ཤོག་ལས་བྱེད་ ༥༥༥༠༠༠ ལྷག་ལ་འདྲི་གཅོད་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ལྷ་ས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་མགོ་འཁྲིད་དང་ལྷ་ས་དམར་ཤོག་ཚོགས་པའི་ཏང་གི་རྒྱུན་ལས་ཟུར་པ་བོད་མི་བསོད་ནམས་ཆོས་འཕེལ་ཞེས་པ་ཞིག་ལའང་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༢༠

Leave a Reply