རྒྱ་ནག་སྲིད་གྲོས་ཀྱི་སྤྱི་ཁྱབ་དྲུང་ཆེ་གོ་གནས་ནས་ཕབ།

ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འགན་འཛིན་ཞཱ་པའོ་ལུང་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྤྱི་ཁྱབ་དྲུང་ཆེ་གོ་གནས་ནས་ཕབ་སྟེ་རྒྱ་ནག་འཕྲོད་བསྟེན་བློན་ཆེན་ལྕམ་ལི་པིན་ (Li Bin)འགན་འཛིན་དུ་བསྐོ་བཞག་བྱས་ཡོད་འདུགདེ་རིང་ཕྱི་དྲོ་ནས་སྐབས་བཅུ་གསུམ་པའི་རྒྱ་ནག་རྒྱལ་ཡོངས་མང་འཐུས་ཀྱི་ཚོགས་འདུ་ཐེངས་གསུམ་པ་དང་། སྐབས་བཅུ་གསུམ་པའི་སྲིད་གྲོས་ཀྱི་རྒྱལ་ཡོངས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༥ པ་གཉིས་མགོ་འཛུགས་བྱས་ཡོད་པ་དང་། ཚོགས་ཆེན་གྱི་ཉིན་གཉིས་ཀྱི་གོང་དུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྤྱི་ཁྱབ་དྲུང་ཆེ་ཞཱ་པའོ་ལུང་གོ་གནས་ནས་ཕབ་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ཞཱ་ཡིས་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འགན་འཛིན་གྱི་ལས་གནས་ཐོག་ནས་ཧོང་ཀོང་གི་ལས་དོན་ཐད་སྔར་ལྷག་སྟངས་འཛིན་ནན་མོ་བྱ་ཆེད་ཡིན་པ་དང་། དབུས་གཞུང་གི་སྲིད་བྱུས་ཁག་ཐད་ཀར་ཧོང་ཀོང་ནང་ལག་བསྟར་བྱེད་པར་ལྟ་རྟོག་ཤུགས་ཆེར་ཡོང་ཆེད་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་དབུས་གཞུང་གིས་ཞཱ་པའོ་ལུང་ (Xia Baolong)་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འགན་འཛིན་དུ་ཐད་བསྐོ་བྱས་ཡོད་པ་དང་། དེ་སྔོན་ཁོང་འགན་འཛིན་དུ་བསྐོ་བཞག་བྱུང་སྐབས། ཞཱ་པའོ་ལུང་ནི་སྲིད་འཛིན་ཞི་ཅིན་ཕིན་གྱི་བློ་ཐག་ཉེ་བའི་མི་ཞིག་དང་། རྒྱ་ནག་གི་ཞིང་ཆེན་མགོ་ཁྲིད་རིམ་པ་ནས་ཐད་ཀར་དབུས་བློན་ཆེན་རིམ་པའི་ལས་གནས་གཉེར་རྗེས། ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འགན་འཛིན་དུ་ཐད་བསྐོ་བྱས་པ་ཐོག་མ་དེ་ཡིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གཙོས་པའི་མི་མང་ས་ཡ་ ༣ ལྷག་གིས་ཧོང་ཀོང་ནས་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་གཞུང་རྒོལ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་མགོ་བརྩམས་ཏེ། འདི་ལོའི་ཕྱི་ཟླ་ ༣ ནང་ཙམ་ལ་ཧོང་ཀོང་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་ཕྱིན་ཏེ་མི་མང་འགྲོ་སྐྱོད་མི་ཆོག་པ་བཟོས་པའི་བར་དུ་དུས་ངེས་མེད་ཀྱི་ངོ་རྒོལ་མཚམས་འཇོག་བྱས་མེད་པ་དང་། ཉེ་ཆར་ནས་ཧོང་ཀོང་ནང་འགྲོ་སྐྱོད་བཀག་སྡོམ་ཇེ་ལྷོད་དུ་གཏོང་བཞིན་ཡོད་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ་གཟའ་ཉི་མ་ཉིན་ངོ་རྒོལ་ལས་འགུལ་བ་ཚོས་སླར་ཡང་ཁྲོམ་སྐོར་ལས་འགུལ་སྤེལ་མགོ་བཙུགས་ཡོད་པ་རེད།

ཞཱ་པའོ་ལུང་ནི་ཕྱི་ལོ་ ༢༠༠༣ ནས་ ༢༠༠༧ བར་ཞི་ཅིན་ཕིན་རྒྱ་ནག་ཀྲི་ཅང་ (Zhejiang) ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་སྐབས་འགན་འཛིན་གཞོན་པའི་གོ་གནས་བཟུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཁོས་ཀྲི་ཅང་ཞིང་ཆེན་གྱི་ཁྲིམས་མཐུན་ཐོག་ཐོ་འགོད་བྱས་མེད་པའི་ཡེ་ཤུའི་ལྷ་ཁང་དག་རྩ་མེད་གཏོང་རྒྱུའི་གཞི་རྒྱ་ཆེ་བའི་ལས་འགུལ་སོགས་སྤེལ་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ནང་ཞཱ་པའོ་ལུང་གིས་ཧོང་ཀོང་སྲིད་གཞུང་གི་འཐུས་ཚབ་པ་རྣམས་ལ་དཀའ་རྙོག་ཅན་གྱི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་གཏན་འབེབ་ངེས་པར་བྱ་དགོས་པའི་བཀའ་བཏང་ཡོད་སྟབས། ད་ལྟ་རང་ལོ་ ༦༧ ཡིན་པའི་ཞཱ་པའོ་ལུང་ནི་སྲིད་འཛིན་ཞི་ཅིན་ཕིན་གྱི་བློ་ཐག་ཉེ་བའི་མི་ཞིག་དང་སྲིད་བྱུས་མཁྲེགས་པོ་འཛིན་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུགལྕམ་ལི་པིན་ནི་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་གི་ལོའུ་ནིན་ (Liaoning) ཞིང་ཆེན་ནང་སྐྱེས་ཤིང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་དུ་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་བློན་ཆེན་བྱས་པ་དང་། ཕྱི་ལོ་ ༢༠༡༨ ནས་བཟུང་ད་ལྟ་བར་དུ་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་འགན་འཛིན་གཞོན་པའི་ལས་གནས་འཁུར་ཡོད་འདུག ཕྱི་ལོ་ ༢༠༡༢ ནས་ལོ་གཅིག་ཙམ་རིང་མོས་ཨན་ཧེ་ (Anhui) ཞིང་ཆེན་གྱི་མགོ་འཛིན་གྱི་ལས་འཁུར་བྱས་ཡོད་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་གྱི་མགོ་འཛིན་བུད་མེད་བཞི་པ་དེ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༢༡

Leave a Reply