བོད་ཕྱི་ནང་གཉིས་ནས་བོད་མི་ ༢༥༢ ཙམ་ལ་ཏོག་དབྱིབས་གཉན་རིམས་ཕོག

བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན་བོད་ནང་དུ་བོད་མི་ ༦༩ དང་བཙན་བྱོལ་ནང་བོད་མི་ ༡༨༣ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་པའི་ཁྲོད་ནས་མི་ ༧ འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་། བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གནས་ཚུལ་མཁོ་འདོན་དང་། ཏོག་དབྱིབས་རིམས་ནད་དང་འབྲེལ་བོད་མི་ཚོར་ལམ་སྟོན་དང་། ངལ་སེལ་ལས་གཞི་ཅི་སྤེལ་ཤེས་རྟོག་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ཞེས་པའི་དྲ་རྒྱ་ཞིག་དབུ་འབྱེད་གནང་ཡོད་པ་དང་། དྲ་རྒྱའི་ནང་གསལ་བ་ལྟར་ན། ད་བར་བོད་ནང་ཏོག་དབྱིབས་ནད་པ་ ༡༠༧ བྱུང་ཡོད་པ་ལས་བོད་མི་ ༦༩ དང་ རྒྱ་མི་ ༣༨ ཡོད་པ་དང་། དེ་དག་ལས་གཅིག་འདས་གྲོངས་སུ་སོང་ཡོད་པ་དང་། བཙན་བྱོལ་ནང་ཁྱོན་བོད་མི་ ༡༨༣ ལ་གཉན་རིམས་ན་བའི་ཁྲོད་ནས་ ༡༥༠ དྲག་སྐྱེད་བྱུང་བ་དང་། ན་བཞིན་པ་ ༢༦། འདས་གྲོངས་སུ་སོང་བ་ ༧ འདུག 

 སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་བལ་འབྲུག་གསུམ་ནང་དཀའ་ངལ་འཕྲད་བཞིན་པའི་བོད་མི་བཙན་བྱོལ་བ་མི་གྲངས་ ༡༠༠༠ ལ་ཧིན་སྒོར་ ༥༠༠༠ རེ་གནང་རྒྱུའི་གསལ་བསྒྲགས་གནང་བ་ནས་བཟུང་སྙན་ཞུ་འབྱོར་བ་ཁག་བདུན་ཕྲག་གཅིག་གི་ནང་ཕྱོགས་བསྒྲིགས་གནང་སྟེ། བདུན་ཕྲག་གཉིས་ཙམ་གྱི་ནང་དངུལ་བགོ་འགྲེམས་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ངལ་སེལ་རོགས་དངུལ་གནང་རྒྱུ་དེ་གལ་ཆེ་དོན་ཆེན་བརྩིས་པའི་ཐོག་ནས་བདུན་ཕྲག་གཉིས་ནང་ཞིབ་འཇུག་ཆ་ཚང་གནང་སྟེ་དངུལ་བགོ་འགྲེམས་ཐུབ་པའི་ཕྱག་ལས་གནང་བཞིན་ཡོད་པ་དང་། ཕྱི་ཟླ་ ༥ དང་ ༦ གཉིས་ནི་ཛ་དྲག་ཤོས་དང་ནད་ཡམས་འགོ་རྒྱུའི་ཉེན་ཁ་ཆེ་ཤོས་ཆགས་ཀྱི་ཡོད་སྟབས། བོད་མི་རྣམས་རང་གནས་སུ་མུ་མཐུད་བཞུགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་འདུག

 བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་དྲ་ཚིགས་དེ་ནི། བོད་མིའི་སྒྲིག་འཛུགས་ལ་མཚོན་ནའང་ཝུ་ཧན་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ཛ་དྲག་ལས་དོན་ཚོགས་ཆུང་(Covid-19 Emergency Relief Committee) ཞེས་པ་ཆེད་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཆེད་འབད་བརྩོན་ཞུས་དང་ཞུ་མུས་ཡིན་པ་དང་། དྲ་རྒྱ་དེ་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་དཀའ་ངལ་འཕྲད་སྐབས། བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་དང་ངལ་སེལ་ལས་གཞི་སྤེལ་དང་སྤེལ་བཞིན་པ་ཁག་མང་ཚོགས་ནས་ཤེས་རྟོགས་ཡོང་སླད་ཆེད་དུ་བཟོས་པ་ཞིག་ཡིན་འདུག

དྲ་རྒྱ་དེའི་སྟེང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གིས་ཏོག་ནད་སྐོར་ལ་ལས་གཞི་ཇི་སྤེལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ཁག་དང་། སེམས་ཁམས་སློབ་གསོ་དང་རོགས་སྐྱོར་གནང་མཁན་ཁག་གི་འབྲེལ་གཏུག་ཁ་བྱང་། ཏོག་དབྱིབས་གཉན་རིམས་ཛ་དྲག་འབྲེལ་གཏུག་ཁ་བྱང་། དེ་བཞིན་ཟུར་བཀག་ལྟེ་གནས་ཁག་དང་དྭངས་བླངས་པ། གསོ་རིག་ལུས་སེམས་ནུས་གསོའི་སྨན་གྱི་སྐོར་དང་། བོད་ཕྱི་ནང་གཉིས་ཀྱི་ནད་པ་དང་འདས་པོའི་གྲངས་འབོར་སོགས་གསལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཉན་རིམས་དྲ་བ།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༢༢

Leave a Reply