རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཤུགས་ཆེ་རུ་ཕྱིན།

རྒྱ་དཀར་ནག་གཉིས་ནས་རིམ་པ་བཞིན་ཧིན་བོད་ས་མཚམས་ཀྱི་ས་ཁུལ་མི་འདྲ་བ་གསུམ་དུ་རྩོད་རྙོག་འཁྲུག་འཛིང་བྱས་ཡོད་པ་མ་ཟད་ཕྱོགས་གཉིས་ནས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

དེ་རིང་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་གསུམ་ཙམ་རིང་རྒྱ་གར་དང་བོད་ཀྱི་ས་མཚམས་ཁག་མི་འདྲ་བ་གསུམ་ནང་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་རྩོད་རྙོག་བྱུང་སྟེ་གྲོས་མོལ་ཐེངས་དྲུག་ཙམ་བྱས་ཀྱང་ལེགས་གྲུབ་བྱུང་མེད་པའི་ཐོག ཉིན་ཤས་གོང་རྒྱ་ནག་གིས་རྒྱ་གར་གྱི་བྱང་བརྒྱུད་ཨུ་ཏར་ཁན་ཌི་མངའ་སྡེ་དང་ས་འབྲེལ་བོད་ཀྱི་ས་མཚམས་སུ་སྐོར་སྲུང་དམག་མི་ཇེ་མང་དང་འཛིང་ར་འཛུགས་སྐྲུན་སོགས་དམག་དོན་བྱ་འགུལ་མང་དུ་བཏང་བའི་རྐྱེན་གྱིས། རྒྱ་གར་ངོས་ནས་ཀྱང་ཁུལ་དེར་སྐོར་སྲུང་མྱུར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག

འབྲེལ་ཡོད་གཞུང་འབྲེལ་མི་སྣས་རྒྱ་གར་བང་ཆེན་གསར་ཁང་ལ། ཉིན་ཤས་གོང་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་རྒྱ་གར་གྱི་བྱང་ཕྱོགས་ཨུ་ཏར་ཁན་ཌི་མངའ་སྡེའི་ས་མཚམས་སུ་དམག་མི་སྔར་བས་མང་བ་འགྲེམ་འཇོག་བྱས་ཡོད་པ་ཤེས་རྟོགས་བྱུང་བ་དང་བསྟུན། རྒྱ་གར་གྱིས་ཁུལ་དེར་སྔར་ནས་ཡོད་པའི་དམག་མིའི་རུ་སྡེ་ཐོག་རུ་སྡེ་གཞན་ཁ་སྣོན་བྱས་འདུག་མ་ཟད། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ལ་དྭགས་དཔལ་མགོན་མཚོར་རྒྱ་དཀར་ནག་གི་དམག་མིའི་གདོང་ཐུག་བྱུང་སྟེ་ད་ལྟའང་འདུམ་འགྲིག་བྱུང་མེད་པར་བརྟེན། རྒྱ་གར་དམག་གིས་ཁུལ་དེར་སྐོར་སྲུང་གནམ་གྲུ་ (UAV) ཇེ་མང་དུ་བཏང་སྟེ་རྒྱ་ནག་གི་དམག་མིའི་བྱ་འགུལ་ལ་རྟོག་ཞིབ་སྔར་བས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་གྱི་དམག་མིའི་གནས་བབ་མཐོར་འདེགས་དང་མ་འོངས་དགོས་མཁོའི་ཆེད་ལ་དྭགས་ཁུལ་གྱི་དམག་མིའི་གྲངས་འབོར་སྤར་ཡོད་སྐོར་བརྗོད་ཡོད་འདུག

ཡང་རྒྱ་གར་ཨེན་ཌི་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ད་ཐེངས་ཀྱི་རྩོད་རྙོད་འདི་ནི་ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་དུ་བྱུང་བའི་དཀའ་རྙོག་རྗེས་ཀྱི་ཆེ་ཤོས་དེ་ཡིན་པ་དང་། རྒྱ་གར་གྱིས་ད་ཐེངས་སྤང་ཀོང་མཚོ་དང་གྷལ་ཝན་ཡུལ་ཀླུང་ (Galwan Valley) དུ་དམག་མི་མང་དུ་བཏང་ཡོད་ཅིང་། རྒྱ་ནག་ངོས་ནས་ཀྱང་ས་མཚམས་སུ་དམག་མི་ ༢༠༠༠ ནས་ ༢༥༠༠ ལྷག་འགྲེམ་འཇོག་བྱས་ཡོད་པ་མ་ཟད། ཁུལ་དེར་དམག་དོན་འཛུགས་སྐྲུན་ལ་དམིགས་པའི་འཕྲུལ་རིག་དབོར་འདྲེན་བྱས་ཡོད་སྐོར་ཡང་བཀོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ལ་དྭགས་སྤང་ཀོང་མཚོ་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་དབར་འཛིང་རེས་བྱུང་སྟེ་འགའ་ཤས་ལ་རྨས་སྐྱོན་བྱུང་ཡོད་པ་དང་། ཡང་ཟླ་འདིའི་ཕྱི ཚེས་ ༩ ཉིན་རྒྱ་གར་གྱི་བྱང་ཕྱོགས་འབྲས་ལྗོངས་ཀྱི་སྣ་ཐོད་ལར་ཕྱོགས་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་སྟེ། གནས་སྟངས་སྔར་བས་ཛ་དྲག་ཏུ་གྱུར་བར་བརྟེན། ཕྱོགས་གཉིས་ཀས་རང་ཕྱོགས་ཀྱི་དམག་མིའི་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་ཕྱོགས་སུ་གཞོལ་ཡོད་འདུག

ད་ཐེངས་རྒྱ་ནག་བཅིངས་གྲོལ་དམག་ཟེར་བས་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཏེ་ཆེད་དུ་དཀའ་རྙོག་སློང་དགོས་དོན་གང་ཡིན་ཐད་དབྱེ་ཞིབ་པས་བརྗོད་དོན་ལྟར་ན། གཙོ་བོ་རྒྱ་གར་གྱིས་ལོ་ཤས་གོང་ནས་བྱང་དང་ཤར་བརྒྱུད་ཀྱི་ས་མཚམས་ཁག་ཏུ་དམག་དོན་འགྲུལ་ལམ་འཛུགས་སྐྲུན་གྱི་མཚོན་པའི་དམག་དོན་བྱ་འགུལ་རྒྱ་བསྐྱེད་ཤུགས་ཆེར་བཏང་བ་དེར་ཉེན་བརྡ་བཏང་བ་ཞིག་ཡིན་སྐོར་དང་། ཡང་རེ་འགས་ད་ལྟ་འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་ནད་ཡམས་འགོག་རྒོལ་དམག་འཐབ་ནང་ཞུགས་ཡོད་པ་དང་། ཉེ་བའི་ཆར་རྒྱ་ནག་ནང་ཡོད་པའི་ཕྱིའི་ཚོང་གཉེར་བ་མི་ཉུང་བས་རྒྱ་ནག་ཏུ་ཡོད་པའི་རང་གི་བཟོ་ཚོང་ཁང་རྣམས་སྒོ་བརྒྱབ་སྟེ། གཞན་དུ་གནས་སྤོ་བྱེད་བཞིན་པའི་སྐབས། རྒྱ་གར་གྱིས་ཆེད་དུ་བཟོ་ཚོང་བ་དེ་དག་གི་ཆེད་དུ་རྒྱ་གར་ནང་འཛུགས་སྐྲུན་སོགས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུའི་ཁས་ལེན་བྱས་པར་བརྟེན། རྒྱ་ནག་གིས་ཕྱོགས་གཞན་ནས་རྒྱ་གར་གྱི་ཐག་གཅོད་དེར་ཡ་ལན་སྤྲད་པ་ཞིག་ཡིན་སྲིད་སྐོར་ཡང་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༢༦

Leave a Reply

One thought on “རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཤུགས་ཆེ་རུ་ཕྱིན།