ཧོང་ཀོང་གི་བརྟན་བརླིང་ལ་གཏོར་བརླག་བཏང་ན་ཐར་པར་གཏོང་གི་མིན་ཟེར།

བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས་བོད་མི་མང་གིས་རྒྱ་ནག་གཞུང་ནས་བཏོན་པའི་ཧོང་ཀོང་བདེ་སྲུང་ཁྲིམས་འཆར་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཚུལ་བསྒྲགས།

ཁ་སང་ཕྱི་ཚེས་ ༢༥ ཉིན། རྒྱ་ནག་གི་སྲིད་གྲོས་དང་དམངས་འཐུས་ཚོགས་ཆེན་སྟེང་། བོད་རང་སྐྱོང་ལྗོངས་ཟེར་བའི་འཐུས་མི་ཚོས། རྒྱ་ནག་གཞུང་གིས་ཆེད་དམིགས་ཧོང་ཀོང་དམངས་གཙོའི་ལས་འགུལ་རྨེག་མེད་གཏོང་ཆེད་བཏོན་པའི་ཧོང་ཀོང་བདེ་སྲུང་ཁྲིམས་ཡིག་ཟེར་བའི་སྐོར་ལ་གྲོས་ཞིབ་ཚོགས་འདུ་ཚོགས་ཏེ། ཧོང་ཀོང་བདེ་སྲུང་ཁྲིམས་འཆར་བཏོན་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱ་རྒྱུ་ཡིན་ལ། བོད་མི་ཚོས་རྒྱ་ནག་གི་ཕུགས་འདུན་མངོན་འགྱུར་ཆེད་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཕྱི་རྒྱལ་དུ་ཡོད་པའི་ ངོ་རྒོལ་ཕྱོགས་གཏོགས་དང་ཧོང་ཀོང་ཟང་ཟིང་བཟོ་མཁན་ཕམ་པར་གཏང་གི་ཡིན་ཞེས་ལབ་ཡོད་སྐོར་བསྒྲགས།

ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་མགོ་གཙོ་གྲས་ཆེ་དགྲ་ལྷ་དང་པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན་སོགས་མཉམ་ཞུགས་ཀྱིས་གཏམ་བཤད་སྤེལ་ཡོད་འདུག་ལ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ཁོ་ཚོ་ཚང་མའི་སྐད་ཆ་མཉམ་གཅིག་ཏུ་སྤེལ་བའི་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་རྩ་བའི་ཁེ་ཕན་ཡིན་པས། ཁྲིམས་འཆར་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡུན་རིང་བརྟན་པོའི་ངང་ལག་བསྟར་ཐུབ་པའི་འགན་ལེན་དང་། ཡུན་རིང་བདེ་འཁོད་དང་ཡུན་རིང་དར་རྒྱས་བརྟན་ལྷིང་འགན་ལེན་བྱེད་པའི་ཐབས་ཇུས་ཤིག་ཡིན་པའི་ངོས་འཛིན་གཅིག་མཐུན་ངང་བྱེད་ཀྱི་ཡོད་སྐོར་བཤད།

ཡང་གཏམ་བཤད་དེའི་ནང་། བོད་མི་མང་གིས་རླབས་ཆེན་བསྐྱར་དར་གྱི་རྒྱ་ནག་གི་ཕུགས་འདུན་མངོན་འགྱུར་ཆེད་ཐད་རྡོ་ལ་རི་མོ་བརྐོས་པ་ལྟར་གྱི་འདུན་པ་དྲག་པོ་ཡོད་ལ། རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པའི་ཐད་གཞོམ་གཞིག་མེད་པའི་བློ་སྟོབས་ཆེན་པོ་ཡོད། བརྟན་བརླིང་དང་འཕེལ་རྒྱས་ཡག་པོ་གཏོང་བའི་ཐད་རང་འགུལ་ངང་ཀུན་སེམས་གཅིག་སྒྲིལ་གྱི་འགན་འཁུར་བའི་བསམ་པ་ཡོད། མི་སུ་ཞིག་གིས་སྤུན་ཟླ་ཧོང་ཀོང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་བཟོ་བ་དང་། ཧོང་ཀོང་གི་ཁྲིམས་སྐྱོང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གནོད་འཚེ་གཏོང་བ། ཧོང་ཀོང་གི་དར་རྒྱས་བརྟན་བརླིང་ལ་གཏོར་བཤིག་གཏོང་མཁན་ཚོ་ཐར་པར་གཏན་ནས་གཏོང་གི་མིན་ལ། དེ་ལྟར་གཏན་ནས་བྱེད་དུའང་འཇུག་གི་མིན་སྐོར་སོགས་བཀོད་འདུག

མཇུག་ཏུ་ཁོ་ཚོས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མི་དམངས་ཀྱི་ཁེ་ཕན་དང་འདུན་པ་ཡག་པོ་མཚོན་པར་བྱས་ནས་ཁྲིམས་བཞིན་རང་འགན་གཙང་སྒྲུབ་བྱ་རྒྱུ་ཡིན། མགོ་འཁྲིད་ཞི་ཅིན་ཕིན་གྱིས་སྲོག་ཤིང་གནང་བའི་སྣེ་ཁྲིད་དང་མི་མང་དུང་འཕྱུར་དུ་མས་བསྐྲུན་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཡོད་པས། ཕྱི་རྒྱལ་དུ་ཡོད་པའི་ངོ་རྒོལ་ཕྱོགས་གཏོགས་དང་ཧོང་ཀོང་ཟང་ཟིང་བཟོ་མཁན་ཚོ་ཕམ་རྒྱུ་ཉག་ཅིག་རེད་ལ། རེ་བ་སྟོང་ཟད་དུའང་འགྲོ་ངེས་ཡིན་སྐོར་སོགས་བཤད་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདེ་སྲུང་ཁྲིམས་ཡིག་ཟེར་བ་བཏོན་རྗེས། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་དང་། ཧོང་ཀོང་ནང་ཉིན་ཤས་རང་བསྟུན་མར་ངོ་རྒོལ་ཤུགས་ཆེན་ཡོང་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཆེད་གཉེར་གྲངས་ཉུང་མི་རིགས་ཁག་གི་འཐུས་མི་ཚོར་ཧོང་ཀོང་གི་ཁྲིམས་ཡིག་ཟེར་བར་རྒྱབ་སྐྱོར་ཡོད་པའི་སྐད་ཆ་བཤད་བཅུག་གི་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་གནད་དོན་དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་གཞན་ཁག་ལ་ཉེན་བརྡ་ཞིག་དང་། རྒྱལ་སྤྱིའི་མིག་མདུན་ལ་བེད་སྤྱོད་བཏང་བ་ཞིག་ཆགས་ཡོད་སྐོར་བརྗོད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༢༦

Leave a Reply