ཡུ་ཊོབ་ལ་སྐྱོན་བརྗོད་ཕོག

ཡུ་ཊོབ་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲ་དམག་ཟེར་བ་སོགས་ཀྱི་དཔྱད་མཆན་བརྒྱབ་ན་ནག་གསུབ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་འདུགདེ་རིང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ (THE VERGE)དྲ་རྒྱའི་འཕྲུལ་རིགས་ཞིབ་འཇུག་དང་ཚོང་ལས་ཁང་གིས། ཡུ་ཊོབ་དྲ་ཐོག་ཏུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་དཔྱད་མཆན་བཀག་འགོག་བྱེད་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ཀྱང་། ཡུ་ཊོབ་ཀྱིས་སྟབས་མ་ལེགས་པའི་ནོར་འཁྲུག་ཅིག་ཡིན་པས་ཐག་གཅོད་བྱེད་ཀྱི་ཡོད་སྐོར་བསྒྲགས།

ཞིབ་འཇུག་ཁང་དེས། ང་ཚོས་ཉེ་སྔོན་ཡུ་ཊོབ་ནང་རྒྱ་ནག་གཞུང་གི་དྲ་དམག་ (Wumao) སྐོར་ལ་མཆན་མང་པོ་བཀོད་ཡོད་ཀྱང་ཚང་མ་མེད་པར་བཟོས་འདུག ཅེས་ཡུ་ཊོབ་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། ད་ལྟ་ཡུ་ཊོབ་ནང་གི་ཐད་གཏོང་དང་བརྙན་སོགས་ཀྱི་འོག་ཏུ་རྒྱ་ཡིག་གི་ཚིག་ (共匪)དང་ཡང་ན་(五毛)སོགས་ཀྱི་མཆན་བཀོད་ཚེ་སྐར་ཆ་ ༡༥ ནང་ཚུད་དུ་ནག་གསུབ་གཏོང་གི་ཡོད་སྐོར་བརྗོད་འདུག

དེ་རིང་ཡུ་ཊོབ་དབུས་ལས་ཁུངས་ཀྱིས། གནད་དོན་འདི་ནི་ང་ཚོའི་དྲ་རྒྱའི་མ་ལག་ནང་ནོར་འཁྲུལ་ཅུང་ཙམ་ཞིག་ཤོར་བས་རེད་འདུག་སྟབས། ང་ཚོས་མགྱོགས་མྱུར་བཟོ་བཅོས་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་ཀྱང་། ཨ་རིའི་(THE VERGE)དྲ་ལམ་ཞིབ་འཇུག་དང་ཚོང་ལས་ཁང་གིས། རྒྱ་ནག་ལ་སྐྱོན་བརྗོད་ཀྱི་མཆན་གསུབ་འགྲོ་ཡི་ཡོད་པ་ནི་ཡུ་ཊོབ་མ་ལག་ནང་སྐྱོན་ཤོར་བའི་རྒྱུ་རྐྱེན་ཞིག་མིན་པ་མ་ཟད། ཕྱི་ལོ་ ༢༠༡༩ ཙམ་ནས་ཡུ་ཊོབ་ནང་རྒྱ་ནག་དང་འབྲེལ་བའི་མཆན་ནག་གསུབ་གཏོང་གི་ཡོད་པའི་དཔང་རྟགས་སོགས་གསལ་འདོན་བྱས་ཡོད་འདུག

ཆེད་མཁས་པ་ཚོས། ད་ལྟ་རྒྱ་ནག་ནང་ཡུ་ཊོབ་བཀག་སྡོམ་བྱས་ཡོད་དུས། ཡུ་ཊོབ་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་མཆན་གསུབ་ཀྱི་ཡོད་པ་ནི་ཧ་སང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་རྗོད་བཞིན་འདུག་པ་དང་། ཡུ་ཊོབ་ནི་གྷུ་གྷལ་གྱི་ཡིན་པ་ལྟར། གྷུ་གྷལ་འདས་པའི་ལོ་མང་རིང་རྒྱ་ནག་གི་དྲ་རྒྱའི་ཁྲོམ་རར་ཞུགས་ཐབས་གང་ཐུབ་བྱས་ཡོད་ཀྱང་། རྒྱལ་སྤྱིའི་གནོན་ཤུགས་འོག གྷུ་གྷལ་རྒྱ་ནག་གི་དྲ་རྒྱའི་ཁྲོམ་རར་ཞུགས་ཐུབ་མེད་པ་མ་ཟད། འདས་ལོར་གྷུ་གྷལ་གྱིས་རྒྱ་ནག་གི་ཆེད་དུ་བཟོ་བཞིན་པའི་འབུ་བླ་མ་མ་ཎིའི་ལས་གཞིའང་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།

ཡུ་ཊོབ་ནི་ཕྱི་ལོ་༢༠༠༥ ལོར་ཆྰ་ཌི་ཧྰར་ལེ་(Chad Hurley)དང་སི་ཊེབ་ཆྰན(Steve Chen)། ཇྰ་ཝེ་ཌི་ཁྰ་རེམ( Jawed Karim)བཅས་ཀྱིས་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་༢༠༠༦ ལོ་ནས་དྲ་བརྙན་དེ་འཛམ་གླིང་གི་དྲ་རྒྱ་ཆེས་བེད་སྤྱོད་མཁན་མང་ཤོས་དང་ཚོང་རྒྱུག་མཁན་ཆེས་ཆེ་ཤོས་ཆགས་ཡོད་པ་རེད། ཡུ་ཊོབ་དྲ་བརྙན་ནང་ཉིན་རེར་རིགས་མི་འདྲ་བའི་བརྙན་༦༥༠༠༠ལྷག་སྤེལ་གྱི་ཡོད་པ་དང་། ལྟ་བཤེར་མཁན་ས་ཡ་༡༠༠ལྷག་བྱུང་གི་ཡོད་འདུག ཕྱི་ལོ་༢༠༠༦ ལོའི་ཟླ་༡༠ པའི་ཚེས་༩ ཉིན་ནས་དྲ་བརྙན་དེ་གྷོ་གྷུལ་(Google)འཚོལ་བཤེར་དྲ་བས་ཨ་སྒོར་དུང་ཕྱུར་༡.༦༥ སྤྲད་ནས་ཉོས་ཡོད་དང་། གྷོ་གྷུལ་འཚོལ་བཤེར་དྲ་རྒྱའི་གལ་གནད་ཆེས་ཆེ་བའི་དྲ་རྒྱ་ཨང་གཉིས་པ་ཆགས་ཏེ། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་༨༩ ནང་ཁྱབ་སྤེལ་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༢༧

Leave a Reply