སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བྱ་སྤྱོད་ལ་བློ་ཕམ་ཚད་མེད་བྱུང་བའི་གསལ་བསྒྲགས་གནང་འདུག

སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ནས་དྲ་ཐོག་བཀའ་དབང་གནང་ན་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་བཟོ་ཡི་ཡོད་སྐོར་མཚན་སྨད་ཞུས་པ་དེར་བཀའ་ཤག་བློ་ཕམ་ཚད་མེད་བྱུང་སྐོར་གསལ་བསྒྲགས་གནང་འདུགསྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཏཱ་ལའི་བླ་མས་ཉིན་གཉིས་རིང་བརྙན་འཕྲིན་ནང་འཛམ་བུ་གླིང་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྐུར་ཡོང་གི་ཡིན་ཟེར་བ་དེ་ཚོ་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་བཟོ་ཡི་ཡོད་པ་རེད། ཅེས་སོགས་བརྗོད་པའི་སྒྲ་ཐུང་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་ནས་ཐུགས་ཚོར་གང་བྱུང་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་མེད་པར་ཡིད་ཆེས་ཡོད་པས། མང་ཚོགས་ཁྲོད་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་གྱུར་སྐོར་གསུངས་རྗེས། སྤྱི་ཚོགས་དྲ་ལམ་དུ་བློ་ཕམ་དང་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་བྱུང་བ་མ་ཟད། ཆོས་རིག་བཀའ་བློན་གྱི་གཞུང་འབྲེལ་ལས་ཤོག་ཐོག་སྤེལ་གནང་བའི་གསལ་བཤད་ཡི་གེ་དེ་ངོ་མ་ཡིན་མིན་དང་། གལ་སྲིད་ཡིན་ན་དེ་བཀའ་ཤག་གི་བཞེངས་ཕྱོགས་ཡིན་མིན་སོགས་ཀྱི་སྐོར་ལ་གླེང་སློང་མང་པོ་བྱུང་བར་བརྟེན། དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་དེ་འབྲེལ་གྱི་ཡིག་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་། བྱ་སྤྱོད་དེ་ནོར་འཁྲུལ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་སྐོར་གསུངས་འདུག

དེ་ཡང་བཀའ་ཤག་གི་གསལ་བསྒྲགས་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དྲ་བརྙན་བརྒྱུད་བཀའ་དབང་བསྩལ་རྒྱུ་དཔེར་བཟུང་ནས་བླ་ཆེན་རྣམ་པས་སྤྱི་ཚོགས་དྲྭ་ལམ་ཐོག་བཀའ་དབང་དང་བྱིན་བརླབས་གནང་བ་དེ་དག་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་འགྲོ་ཚུལ་དང་བཅས་མཚན་སྨད་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་བྱ་སྤྱོད་དེ་ བཞིན་ནོར་འཁྲུལ་དུ་ངོས་འཛིན་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་གསལ་བསྒྲགས་ནང་། ཚང་མས་མཁྱེན་གསལ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་སྐུ་ངལ་སྐྱོན་གནང་བར་བརྟེན་ད་ལྟའི་རང་རེའི་སྤྱི་ཚོགས་དང་། འཛམ་གླིང་། ལྷག་པར་རྒྱ་ནག་སྐམ་ས་ཆེན་པོའི་ནང་བོད་བརྒྱུད་ནང་བསྟན་ ལ་དོ་དབྱིངས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་སྨྲོས་ཅི་དགོས། དེང་སྐབས་འཛམ་གླིང་གི་ཛ་དྲག་གནས་སྟངས་དང་བསྟུན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་བདག་བླ་ཆེན་རྣམ་པས་དྲྭ་བརྙན་བརྒྱུད་དུས་ཀྱི་དགོས་མཁོའི་རྒྱུ་མཚན་དུ་མར་དགོངས་ཏེ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དད་ ལྡན་ཡོངས་ལ་བཀའ་དབང་དང་བྱིན་རླབས་གནང་བར་སྙིང་དབུས་ནས་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ནད་ཡམས་རྐྱེན་གྱིས་སྒོ་རྒྱ་བསྡམས་པའི་དུས་འདིར་འཛམ་གླིང་དད་ལྡན་མང་པོས་གསོལ་འདེབས་དང་ལྷག་པར་བཀའ་ཤག་ནས་མཚན་འཁོད་ཞུ་སྙན་འབུལ་ལམ་ཞུས་པ་ལྟར་ད་རེས་ས་ག་ཟླ་བའི་དུས་ཚོད་ཁྱད་པར་ ཅན་འདི་འདྲ་ཞིག་གི་སྐབས་བཀའ་དབང་བསྩལ་རྒྱུའི་དགོངས་བཞེད་བསྐྱངས་པར་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ཡང་སྒོས་རང་ཅག་གངས་ཅན་པ་རྣམས་ལ་སྐལ་བཟང་གི་གོ་སྐབས་རིན་ཐང་བྲལ་བ་ཞིག་ཡིན། ཞེས་བཀོད་འདུག

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་གསལ་བཤད་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས། རང་ ལ་ཐུགས་ཚོར་གང་བྱུང་བ་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད་ཀྱང་། དེ་ལ་བརྟེན་ནས་མང་ཚོགས་ཁྲོད་དུ་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་སྣང་། ཞེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲྭ་བརྙན་བརྒྱུད་དབང་དང་བྱིན་རླབས་རིགས་གནང་སྐབས། དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུའང་མེད། འོན་ཀྱང་ཉན་མཁན་སོ་སོའི་དབང་པོ་དང་དད་པས་ལྕོགས་ན་བླ་མའི་ཐུགས་རྗེ་དང་ཆོས་ཀྱི་བྱིན་རླབས་གཉིས་ལ་བརྟེན་ནས་དབང་དངོས་གཞི་མ་ཐོབ་ཀྱང་ བྱིན་རླབས་ཁྱད་པར་ཅན་རེ་འཇུག་ཐུབ་པར་ཐེ་ཚོམ་དང་རྩོད་པ་མེད་པ་མ་ཟད། བླ་མ་རྣམ་པས་དེ་ལྟར་མཛད་དོན་ཡང་སློབ་མའི་སེམས་རྒྱུད་ལ་ཆོས་ཀྱི་བྱིན་རླབས་དང་བག་ཆགས་འཇོག་པའི་ཆེད་དུ་རེད་ཅེས་བརྗོད་ཆོག གཞན་ཡང་དབང་ཆེན་གྱི་མཚན་གྲགས་ལ་བརྟེན་ནས་སློབ་མ་མང་པོ་འདུ་བ་དང་། དེའི་གོ་སྐབས་བཟུང་སྟེ་ཆོས་ཀྱི་གཞི་རིམ་གནས་ལུགས་དང་བསླབ་བྱ་རྣམས་ངོ་སྤྲོད་མཛད་ཀྱི་ཡོད་སྐོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཀྱང་ཕེབས་མྱོང་ཡོད། ཅེས་བཀོད་འདུག

ཡང་གསང་སྔགས་ཁྲོམ་བསྒྲགས་མི་བྱེད་པའི་གསང་སྔགས་ཀྱི་དམ་ཚིག་ཡོད་པ་བདེན་ནའང་། དེ་དག་ཐད་དུས་རབས་མང་པོའི་སྔོན་རོལ་ནས་འགལ་འཛོལ་ཉམས་ཆག་ཅི་ཆེ་སོང་ཟིན་ཡོད་པ་དང་། དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད་པ་གོར་མ་ཆགས། འོན་ཀྱང་དེ་དག་གི་ལེ་ཁག་དང་ཉེས་འགན་ཐམས་ཅད་ད་ལྟའི་བསྟན་བདག་རྣམ་པར་དཀྲི་རྒྱུ་ནི་ལོ་རྒྱུས་དང་རྒྱུ་མཚན་གནས་སྟངས་གང་ལ་གཞིགས་ཀྱང་འོས་འཚམས་ཤིག་རྩ་བ་ནས་མིན་པར་མ་ཟད། བོད་ཀྱི་༧རྒྱལ་བསྟན་ཡོངས་རྫོགས་ལོ་རྒྱུས་སུ་མ་གྲགས་པའི་གཉན་འཕྲང་དུ་གྱུར་སྐབས་སྤྱི་ནོར་ྋགོང་ ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། རིས་མེད་བསྟན་བདག་བླ་ཆེན་རྣམ་པས་སྐུ་ངལ་ཁྱད་བསད་ཀྱིས་བསྟན་པ་སླར་གསོ་ཇི་ལྟར་མཛད་ཡོད་མེད་ད་ལྟ་རང་ཅག་ཡོངས་ཀྱི་དྲན་ལམ་དང་མཐོང་ཆོས་སུ་ཡོད་པ་འདི་ལྟར་ལགས་ན། རང་རིགས་སེར་སྐྱ་རྒན་གཞོན་ཡོངས་ནས་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཡིན། ཞེས་བཀོད་འདུག

ཆོས་རིག་བཀའ་བློན་མཆོག་གི་གསལ་བཤད་དེར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཡིག་ཐོག་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་སྦྲགས། སྤྱིར་གུས་བས་ཉེ་ཆར་བཤད་པའི་སྐད་ཆ་ཞིག་ མི་གཞན་གྱིས་བཅད་གཏུབ་མང་པོ་བྱས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བཏང་ཡོད་ས་རེད་ལ། དེའི་སྐོར་དེ་རིང་ཞོགས་པ་གུས་པ་རང་ངོས་ནས་ཚོགས་ཐོག་ཏུ་གསལ་བཤད་ཆ་ཚང་བྱས་ཟིན་པ་ཟུར་དུ་ཕུལ་ཡོད། ༧སྐྱབས་ མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུས། རིས་མེད་ཀྱི་སྐྱེས་ཆེན་རྣམ་པས་ད་བར་དབང་ཆེན་གྱི་རིགས་དྲ་ལམ་ནས་བསྐུར་གནང་མཛད་ཀྱི་ཡོད་པ་མཇལ་མྱོང་མེད་ཀྱང་། མི་རིང་བར་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཐུགས་རྗེ་ཆེན་པོའི་དབང་ཆེན་སྟ་གོན་དང་དངོས་གཞི་གཉིས་ཀ་ཡོད་པ་ཞིག་སྩོལ་གནང་མཛད་འཆར་ཡོད་པའི་གསལ་བསྒྲགས་དེ་མཇལ་སོང་བས། མ་འོངས་པར་དབང་གནང་མཁན་ཐམས་ཅད་ཀྱིས་དེ་ལ་མིག་དཔེ་བལྟས་ནས་དེ་ལྟ་བུ་གནང་ཡོང་ན་རྒྱུད་སྡེ་ཁག་གི་དགོངས་དོན་དང་མཐུན་གྱི་མི་འདུག་བསམས་ནས་གུས་པས་བསམ་ཚུལ་དེ་བཤད་པ་ཡིན་པས། ད་ལན་འདིར་གསལ་བཤད་མང་པོ་ཞུ་དགོས་མ་མཆིས་པར། སྐུ་ཉིད་ཀྱིས་བཀའ་སློབ་ལམ་སྟོན་གང་ཕེབས་པ་ཚང་མར་མོས་མཐུན་དང་ལེན་ཞུ་ངེས་ཡིན། ཞེས་བཀོད་འདུག

ད་ལན་གྱི་གནས་ཚུལ་དེ་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྙོག་གླེང་ཆེན་པོ་ཡོང་གིན་ཡོད་པ་མ་ཟད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེར་ངོ་རྒོལ་གྱི་རྩོམ་ཡིག་དང་གཏམ་བཤད་རིགས་མང་པོ་སྤེལ་གྱི་འདུག་ལ། ཆོས་རིག་བཀའ་བློན་མཆོག་ནས་ཁ་སང་སྤེལ་བའི་གསལ་བཤད་དེ་ཁོང་སྒེར་གྱི་དགོངས་ཚུལ་ཙམ་ཡིན་པ་ལས། བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་མིན་སྐོར་གསལ་བཤད་གནང་འདུག་པ་དེར། བོད་མི་མང་པོས་སྒེར་གྱི་དགོངས་ཚུལ་ཞིག་བཀའ་བློན་གྱི་གཞུང་འབྲེལ་ལས་ཤོག་སྟེང་སྤེལ་ན་སྒྲིག་འཛུགས་ལ་ཁྱད་གསོད་དང་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་དང་། ཆོས་རིག་བཀའ་བློན་མཆོག་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་ཡང་འདོན་གྱི་འདུག

སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པའི་ལོ་རྒྱུས་མཇལ་རྒྱུ་ཡོད་པའི་སྐོར་༧གོང་ས་མཆོག་ནས་དེ་སྔ་ནས་གསུངས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོར་གདན་དུ་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་གནང་སྐབས། ངས་དབང་དང་རྗེས་གནང་བྱེད་པའི་སྐབས་ལ་དྲ་རྒྱའི་ནང་ནས་ཡུལ་ལུང་མང་པོ་ལ་འགྲོ་བསྡད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། དེ་རིང་འདི་ལ་ཡུལ་ལུང་འདྲ་མིན་ནས་དྲ་རྒྱའི་ནང་དོ་སྣང་བྱས་ཏེ་ཉན་སྡོད་མཁན་ཡོད་སྟབས། བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་ཕན་སེམས་ཀྱི་འདུན་པའི་ཤུགས་དང་། དད་པ་ཅན་ཕྱོགས་དང་ཕྱོགས་སུ་འཁོད་སྡོད་མཁན་གྱི་མི་རིགས་དང་ཡུལ་ལུང་འདྲ་མིན་གྱི་ཁྱེད་རང་ཚོས་བསམ་བློ་འདུན་པ་རྩེ་གཅིག་པའི་ཐོག་ནས་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་ཁ་ཐུག་དེར་ཡང་། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཞེས་པ་ཞིག་གསུང་གི་ཡོད་པ་རེད། དགག་བྱ་ལྟ་བུ་ཡོད་པའི་རྐྱེན་གྱིས་བསྙེན་རྫོགས་སྒྲུབ་སར་ཡོང་མ་ཐུབ་པའི་གྲས་དེ་ལ་འཕྲིན་གྱི་སྒོ་ནས། དེ་དུས་ཁ་པར་ལྟ་བུ་མེད་སྟབས་ཅུང་འགོར་གྱི་ཡོད་པ་ལས། གང་ལྟར་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་རྒྱུ་དེ་འདྲ་ཡོང་གི་ཡོད་རེད། དེར་བརྟེན་དེ་རིང་ཁ་སང་གློག་འཕྲིན་གྱི་ཐོག་ནས་ས་ཆ་ཉེ་རྒྱང་མེད་པར་ཁྱབ་བསྡད་དུས། ཁྱེད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་སྡོད་མཁན་དད་པ་ཅན་ཚང་མར་དབང་དང་བྱིན་བརླབས་ཐོབ་ཀྱི་རེད། ངས་དེ་ལུགས་སྨོན་ལམ་བརྒྱབ་ཀྱི་ཡིན། གང་ལྟར་སྔར་བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་དེར་འདུལ་བའི་ལག་ལེན་ཏོག་ཙམ་ཞིབ་ཚགས་པོ་ཡོད་པ་རེད། དེ་ལའང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་པ་ཞིག་ཡིན་དུས། ད་རེས་འདིར་ཕལ་ཆེར་དག་སྣང་གི་ཆོས་འཁོར་རེད། དག་སྣང་གི་ཆོས་འཁོར་དེ་སྔགས་བླ་མེད་དང་འབྲེལ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོར་དབང་དང་བྱིན་བརླབས་དེ་ཚོའི་གྲས་དེ་ངེས་པར་དུ་ཐོབ་ཀྱི་རེད། དེ་ལུགས་བསམ་བློ་གཏོང་ཤོག་ཨང་། ཅེས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༢༧

Leave a Reply

6 thoughts on “སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བྱ་སྤྱོད་ལ་བློ་ཕམ་ཚད་མེད་བྱུང་བའི་གསལ་བསྒྲགས་གནང་འདུག

  1. ཚེས་བཅུ་སྒྲོལ་མ།

    དེ་དག་ལས་གནད་འགག་ཆེ་བ་ལྟ་བུ་ཞིག་ལ་བཀའ་ཤག་གིས་ཕྱག་བྲིས་ཤིག་གནང་གི་རེད། ང་ལའང་བཀའ་ཤག་གིས་ཕྱག་བྲིས་ཤིག་གནང་འདུག དེའི་ནང་དུ་བཀའ་ཤག་གང་མིན་ཚད་ཐུགས་ཕམ་ཡོད། བྱ་སྤྱོད་དེ་ནོར་འཁྲུལ་དུ་ངོས་འཛིན་ཞུ་གི་ཡོད། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེས་འཛམ་གླིང་དུ་ཁྱབ་པའི་མཛད་པ་འཕྲིན་ལས་དེ་ཚོ་དཔེར་བཀོད་ནས་བྲིས་པའི་ཕྱག་ཡིག་ཅིག་སླེབས་སོང་། བཀའ་ཤག་གིས་དེ་འདྲ་གསུངས་དགོས་པ་རེད། མི་གསུངས་ཀ་མེད་རེད། དེའི་ཐད་ང་ལ་སྣང་བ་རྣམ་རྟོག་ཞེ་དྲག་གང་ཡང་མེད། དེ་སྔོན་དེ་འདྲ་མང་པོ་བཟོས་པ་རེད། ད་དུང་ཡང་བཟོ་གི་རེད།

    བཀའ་ཤག་གིས་ཡི་གེའི་ནང་ཐུགས་ཕམ་ཆེན་པོ་ཡོད་ཅེས་གསུངས་པ་རེད། བཀའ་ཤག་ཐུགས་ཕམ་ཆེན་པོ་ཡོད་ན་དགོངས་དག་ཅེས་ཞུ་གི་ཡིན། སྐབས་འདིའི་བཀའ་ཤག་ལ་ཐུགས་ཕམ་ཆེན་པོ་རྐྱང་རྐྱང་བྱུང་སོང་། དགོངས་དག་ཞུ་དགོས་ས་མང་པོ་བྱུང་སོང་། དེ་ཡིན་དུས་ད་རེས་ངས་བཀའ་ཤག་ཐུགས་ཕམ་བྱུང་བ་དེ་ལ་དགོངས་དག་ཅེས་ཞུ་གི་ཡིན། ངས་སྐད་ཆ་བཤད་པ་དེ་ནོར་འཁྲུལ་ལ་ངོས་འཛིན་བྱེད་ཀྱི་ཡིན་ཞེས་གསུངས་འདུག དེ་ངས་ངོས་ལེན་གཏན་ནས་ཞུ་གི་མིན་ཞེས་ཞུ་རྒྱུ་ཡིན། དབང་གི་སྐོར་ད་ལྟའི་བཀའ་བློན་འདི་ཚོས་གང་ཡང་ཤེས་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན། དབང་དང་། རྒྱུད། མན་ངག ཕྱག་བཞེས་དེ་ཚོའི་སྐོར་ལ་ཉི་མ་གཅིག་ཆུ་ཚོད་གཅིག་ལ་སློབ་སྦྱོང་བྱེད་མ་མྱོང་མཁན་གྱི་མི་དེ་ཚོས། དེ་ནོར་འཁྲུལ་ཡིན་དང་མིན། ཚད་ལྡན་བྱུང་ཡོད་དང་མེད་གང་ཡང་མཁྱེན་གྱི་མ་རེད་ཅེས་ཞུ་རྒྱུ་ཡིན། ཆབ་སྲིད་ཀྱི་ཐོག་ནས་ནོར་བ་ཞིག་ཏུ་བརྩིས་གནང་ནའང་། ང་ཆབ་སྲིད་པ་གཅིག་པུ་མ་རེད། ཆོས་པ་རེད། ཆབ་སྲིད་ལས་ཆོས་གལ་ཆེན་པོར་བརྩི་མཁན། འདི་དང་ཕྱི་མའི་རེ་སྨོན་ཐམས་ཅད་འབྲས་བུ་རྡོ་རྗེ་ཐེག་པའི་དབང་གི་བྱིན་རླབས་ལ་བརྟེན་ནས་འཐོབ་རྒྱུ་ཡོད་པར་ཡིད་ཆེས་ཀྱི་ཐོག་ནས་ཉམས་སུ་ལེན་མཁན་གྱི་གང་ཟག་ཅིག་རེད། དེས་ག་རེ་བསམ་གྱི་ཡོད་མེད་ཁྱེད་རང་ཚོས་ཤེས་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན།

    དེ་ནས་ཅུང་ཙམ་ཡ་མཚན་པ་ལྟ་བུ་ཞིག་ལ་གསང་ཆེན་རྒྱུད་སྟོད་གྲྭ་ཚང་ནས་མཁན་པོ་དང་། ལས་སྣེ་མང་པོ་ཞིག་གིས་མཚན་རྟགས་བརྒྱབ། ཐམ་ཀ་གཉིས་བརྒྱབ་བཞག་པའི་ཁྱབ་བསྒྲགས་ཤིག་འབྱོར་འདུག དེའི་ནང་དུ་སྒྲུབ་བྱེད་ཁ་ཤས་ཤིག་བཀོད་འདུག་སྟེ། དྲ་རྒྱའི་ནང་དུ་བཀའ་དབང་གནང་ན་འགྲིག་གི་ཡོད་པའི་རྒྱུད་ཀྱི་ལུང་དང་། དངོས་སྟོབས་ཀྱི་རིགས་པ་དེ་འདྲ་གང་ཡང་མི་འདུག ༧སྐྱབས་མགོན་རིན་པོ་ཆེ་མཚན་སྙན་གྲགས་ཆེན་པོ་རེད། འཕགས་པ་སྤྱན་རས་གཟིགས་སྐུ་ཤ་རློན་པ་རེད། རྩ་ཆེན་པོ་རེད། བསྐལ་པ་བཟང་པོ་རེད་ཅེས་པ་དེ་རེད། གསང་ཆེན་རྒྱུད་སྟོད་གྲྭ་ཚང་ཞེས་པ་དེར་རང་ངོས་ནས་དད་འདུན་ཆེན་པོ་དང་། རྒྱུད་སློབ་སྦྱོང་ཆེན་པོ་གནང་མཁན་ཧ་ལས་པ་ཞིག་ལ་བརྩི་གི་ཡོད་དེ། རྒྱུད་ཀྱི་དགོངས་པ་ལེན་མི་དགོས་པ་ཞིག་ག་རེ་ཡིན་ན་བསམས་ནས་ཅུང་ཁྱད་མཚར་པོ་འདྲ་ཞིག་མཐོང་སོང་། གཞན་ཡང་ཡིག་ཆ་དེ་འདྲ་ཁ་ཤས་མཐོང་སོང་སྟེ་དོ་སྣང་བྱེད་དགོས་པ་ཞིག་གང་ཡང་མི་འདུག

    ཆོས་རིག་བཀའ་བློན་གྱི་ཡི་གེ་ཞིག་དང་པོ་གསལ་བསྒྲགས་གནང་བ་ངས་མཐོང་དུས་ནས། ཁོ་རང་གིས་མྱང་གི་རེད་བསམ་སོང་། དེ་རིང་དགོངས་སེལ་ཞུ་བའི་ཡིག་ཆ་ཞིག་མཐོང་སོང་། ཁོང་ནོར་འདུག ཆོས་རིག་བཀའ་བློན་དགོངས་པ་ཞུ་དགོས་ཐུག་ཀྱང་ཞུ་གི་ཡིན་ཞེས་བྲིས་འདུག ངས་ཡི་གེ་དང་པོ་མཐོང་དུས་ནས་ཁོང་ལ་དེ་འདྲ་ཡོང་གི་རེད་བསམ་སོང་། ང་དྷ་རམ་ས་ལར་འབྲེལ་བ་ཆེན་པོ་ཡོད་རེད། རྒྱུས་ཆེན་པོ་ཡོད་རེད། དེ་སྔོན་དེ་འདྲ་བྱུང་ཚར་བ་མང་པོ་རེད། ང་རང་གི་ཉམས་མྱོང་ཐོག་ནས་ཁོང་ལ་སྙིང་འདྲ་ཞིག་རྗེ་སོང་། གཞན་དེ་ཚོའི་སྐོར་ལ་སེམས་ཁྲལ་དང་དོ་སྣང་དགོས་པ་ཞིག་གང་ཡང་མེད།

    དྲི་བ། དྲ་ལམ་དུ་འགྲོ་བཞིན་པའི་རིན་པོ་ཆེའི་བཀའ་མོལ་དེ་དྲ་ལམ་དུ་གནང་བ་རེད་དམ་ས་ཆ་གང་ནས་གནང་བ་རེད།

    ལན། དེ་ཡང་གནད་འགག་ཅིག་རེད། ངས་ང་རང་གི་ཁང་པའི་ནང་དུ་ཚོགས་པ་ཞིག་འཚོགས་ནས་བསྡད་ཡོད་རེད། དེའི་ནང་དུ་ང་རང་ཚོའི་གྲྭ་པ་ཁ་ཤས་ཡོད་རེད། དེ་ཚོ་ལ་ཆོས་ཀྱི་བརྒྱུད་པ་ཞེས་པ་དེ་ཡག་པོ་ཞིག་གཙང་མ་ཉར་དགོས་ཀྱི་ཡོད་པ། དེའི་སྐོར་གྱི་སྐད་ཆ་ཞིག་བཤད་པ་ཡིན། དེའི་སྐད་ཆ་དེ་དྲ་རྒྱའི་ནང་དུ་འགྲོ་གི་འདུག དེའི་ཞོར་ལ་དབང་ཞེས་པ་དེ་རྒྱུད་པ་ཚད་ལྡན་དབང་གི་ཆུ་བོ་མ་ནུབ་པ་སོགས་རྙིང་མ་པ་ལ་མང་པོ་ཞིག་ཤོད་རྒྱུ་ཡོད་པ་རེད། དེ་ཚོ་ཚད་ལྡན་དགོས་པ་རེད། དེང་སང་དྲ་རྒྱའི་ནང་དུ་དབང་སྐུར་གྱི་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་གང་མགྱོགས་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྩལ་རྒྱུ་རེད་ཅེས་གོ་གི་འདུག དེ་བསྟན་པ་བཤིག་པའི་སྟ་རེ་ཆགས་འགྲོ་གི་རེད་ཅེས་ལབ་པ་རེད། གོང་དུ་འགྲེལ་བཤད་ཞུས་པ་དེ་རེད། ༧སྐྱབས་མགོན་རིན་པོ་ཆེ་བསྟན་བཤིག་རེད་ཅེས་ངས་ཞུས་ཡོད་མ་རེད། དབང་དྲ་རྒྱའི་ནང་ནས་བསྐུར་ན་དེའི་ལུགས་སྲོལ་དེ་བསྟན་པ་བཤིག་པའི་སྟ་རེ་དེ་ཆགས་ཀྱི་རེད་ཅེས་པ་དེ་ཡང་། རྒྱུད་ཀྱི་དགོངས་པ། རྒྱུད་དབང་དང་འབྲེལ་བ། དབང་སྒྲུབ་ཐབས་དང་འབྲེལ་བའི་ལུགས་སྲོལ་དེ་བཤིག་པའི་སྟ་རེ་ཆགས་ཀྱི་རེད་ཅེས་ཟེར་བ་རེད། སྤྱིར་བཏང་བསྟན་བཤིག་ཅེས་པའི་སྐད་ཆ་དེ་ངས་མང་པོ་གོ་མྱོང་རེད། ངའི་ཕ་མ་དེ་ཚོ་ཆོས་པ་རེད། ང་ལོ་ཆུང་ཆུང་ཡིན་དུས་ང་ལ་དགེ་རྒན་མང་པོ་ཡོད་རེད། དེ་ཚོ་ཡང་བླ་མ་གྲྭ་པ་ཆོས་པ་རེད། དེ་ཚོས་གློག་བརྙན་བལྟ་རུ་སོང་ཡང་བསྟན་བཤིག་ཟེར་ཡོང་གི་རེད། དེ་བཞིན་རྐང་སྤོལ་རྩེ་རུ་སོང་ཡང་བསྟན་བཤིག་ཟེར་གྱི་རེད། ཁོ་རང་ཚོའི་སེམས་དང་མི་མཐུན་པ་ཞིག་བཟོས་ན་ལམ་སང་བསྟན་བཤིག་ཅེས་ལབ་ཀྱི་འདུག དེ་ཚོས་བསྟན་པ་བཤིག་གི་ཡོད་མེད་མི་ཤེས་ཀྱང་། དྲ་རྒྱ་བརྒྱུད་ནས་དབང་གནང་བ་དང་། མན་ངག་གནང་ན། ངས་སྐད་ཆ་དེའི་ནང་དུ་བཤད་ཡོད། སྙིང་ཐིག་ཡ་བཞི། དེ་བཞིན་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་ཀྱི་མཚན་སྨྲོས་ཡོད། དེ་ཚོ་དྲ་རྒྱའི་ནང་བཤད་ན་དེ་ཡག་པོ་མ་རེད་ཅེས་ལབ་པ་ཡིན། དེ་༧སྐྱབས་མགོན་རིན་པོ་ཆེ་གཅིག་པུ་ལ་ཞུས་པ་ཞིག་གཏན་ནས་མ་རེད།

    དྲི་བ། ཁ་ཤས་ཀྱིས་ཏཱ་ལའི་བླ་མ་ཞེས་ལབ་འདུག དེ་མ་གུས་པ་དང་མ་འོས་པ་ཆེན་པོ་རེད་ཅེས་ལབ་མཁན་འདུག དེའི་ཐོག་ནས་དགོངས་ཚུལ་ངོ་མ་གང་ཡིན་ནམ།

    ལན། ངས་ཏཱ་ལའི་བླ་མ་ཞེས་ཞུས་པ་ཡིན། ངས་༧རྒྱལ་བ་རིན་པོ་ཆེའི་མཚན་སྨྲོས་སྐབས་དུས་རྒྱུན་ཕལ་ཆེ་བར་ཏཱ་ལའི་བླ་མ་ཞེས་ཞུ་གི་ཡོད། ཏཱ་ལའི་བླ་མ་ཞེས་པ་དེ་ཁྱབ་ཆེ་བ་དང་། གོ་བདེ་བ། གཞན་དང་མ་ནོར་བ། འཛམ་བུའི་གླིང་ཡོངས་གྲགས་ཀྱི་མཚན་ཡིན་པས་དེ་ཞུས་པ་ཡིན། ༧སྐྱབས་མགོན་རིན་པོ་ཆེ་ཁོང་ཉིད་ཀྱི་མཚན་རྟགས་སུའང་ཏཱ་ལའི་བླ་མ་ཞེས་འཁོད་ཡོད་པ་སོགས་དེ་མ་གུས་པ་ཞིག་རྩ་བ་ཉིད་ནས་མ་རེད། དེ་ལས་གཞན་པའི་དམིགས་བསལ་རྒྱུ་མཚན་གང་ཡང་ཡོད་མ་རེད།

    དྲི་བ། སྤྱི་ཚོགས་ནང་འགྲོ་བཞིན་པའི་གླེང་ཕྱོགས་གཅིག་ལ། དགེ་བཤེས་ལྔ་བརྒྱ་ཡོད་པའི་དྲ་ཚོགས་ཀྱི་ནང་དུ་མང་པོ་ཞིག་གླེང་གི་ཡོད་རེད་ཟེར་བ་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་སོགས་ཕྱག་ལས་མང་པོ་ཞིག་གི་འགན་ཁུར་མཁན་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་གྱིས་ངོ་དེབ་ཏུ་ངོ་རྒོལ་གྱི་ལས་འགུལ་སྣེ་ཁྲིད་པ་གནང་བ། དགེ་ལུགས་སྤྱི་འཐུས་རྣམ་པ་གཉིས་ཀས་ཀྱང་དྲ་ཐོག་ནས་རྣམ་འགྱུར་བསྟན་པ་སོགས་ལ་བསམ་ཚུལ་མི་འདྲ་བ་ཡོད་མཁན་དང་། གོ་བ་མི་འདྲ་བ་ལེན་མཁན་ཡང་མང་པོ་ཡོང་གི་འདུག དེའི་ཐོག་ནས་རིན་པོ་ཆེ་ལ་དགོངས་ཚུལ་ག་རེ་ཡོད།

    ལན། དྲང་པོ་ཞུས་ན་དེ་ཚོའི་སྐོར་ལ་ངས་དོ་སྣང་མང་པོ་གང་ཡང་བྱེད་ཀྱི་མེད། ཁོང་རྣམ་པའི་ལས་འགན་རེད། དེ་འདྲ་བཟོ་དགོས་པ་རེད། དེ་འདྲ་བཟོ་དགོས་པ་རེད་ཅེས་གསུང་མཁན་ཡང་མང་པོ་ཡོད་ཀྱི་རེད། ང་ཡང་སྔོན་མ་དྷ་རམ་ས་ལར་སྤྱི་འཐུས་བྱས་ནས་སྡོད་དུས། གཅིག་བཟོ་དགོས་པ་རེད། གཉིིས་བཟོ་དགོས་པ་རེད་ཅེས་གསུང་མཁན་མང་པོ་ཡོད་རེད། སོ་སོའི་འདོད་པ་ནང་བཞིན་ལས་ཀ་བྱེད་དགོས་ན་དཀའ་ལས་ཁག་པོ་རེད། འདི་གྱིས་དང་། དེ་མ་བྱེད་གསུང་མཁན་མང་པོ་ཡོད་རེད། ཁོང་ཚོ་ལའང་། འདི་གྱིས་དང་། དེ་མ་བྱེད་གསུང་མཁན་མང་པོ་ཡོད་ཀྱི་རེད།

    ང་ལ་སེམས་ཁྲལ་ཆེ་ཤོས་འདྲ་དེ་ག་རེ་བྱུང་སོང་ཟེར་ན། རྙིང་མ་པའི་ཕྱོགས་ནས་མང་པོ་དང་། ས་སྐྱའི་ཕྱོགས་ནས་ཀྱང་ཁ་ཤས་བྱུང་སོང་། དེ་འདྲའི་བླ་མ་སྤྲུལ་སྐུ། མཁན་པོ། དེ་བཞིན་གྲྭ་ཟུར་དང་། མཁན་ཟུར་དེ་འདྲས་ང་ལ་འབྲེལ་བ་དམིགས་བསལ་གྱིས་བཟོས་ནས། ཁྱེད་ཀྱི་སྐད་ཆ་དེ་གནད་དུ་སྨིན་པ་དང་། དུས་ཐོག་ཆར་པ་ལྟ་བུ་ཡག་པོ་རེད་འདུག དགོས་པ་རྒྱུ་མཚན་ཆེན་པོ་རེད། དེ་ཚོ་ཐམས་ཅད་ལ་རྒྱབ་སྐྱོར་ཡིན། དེའི་སྐད་ཆ་དེ་གནད་འགག་ག་རེ་ལ་ཐུག་ཀྱང་ནམ་ཡང་ཕྱིར་འཐེན་མ་བྱེད། མ་འོངས་པར་བསྟན་པ་ལ་ཕན་གྱི་རེད། ལྷག་བསམ་རྣམ་དག་གི་སྐད་ཆ་རེད། དྲ་རྒྱ་དེ་ཚོའི་ནང་ནས་དབང་བསྐུར་བ་དང་། མན་ངག་གནང་བ་སོགས་འགྲིག་གི་མེད་པའི་སྐོར་ལ་ལུང་དང་རིགས་པ་སྦྱར་ནས་དེབ་འབྲི་གི་ཡིན། ལན་འབྲི་གི་ཡིན། ངས་འབྲི་དགོས་ཞེས་གསུང་མཁན་མང་པོ་བོད་ནས་ཀྱང་སླེབས་ཀྱི་འདུག་ལ། རྒྱ་གར་དང་། ཕྱི་རྒྱལ་དེ་ཚོ་ནས་ཀྱང་སླེབས་ཀྱི་འདུག ང་ལ་དེང་སྐབས་དྲ་རྒྱའི་སྟེང་ནས་འབྲེལ་བ་བཟོ་མཁན་མང་དུ་སོང་འདུག ངས་དེ་ཚོ་ཐམས་ཅད་ལ་དགོས་ཀྱི་མ་རེད་ཅེས་ལབ་ས་རྙེད་ཚད་ལ་ལབ་ཡོད། དེ་འདྲ་བཟོ་རྒྱུར་ང་ལ་སེམས་པ་སྐྱིད་པོ་མི་འདུག ༧སྐྱབས་མགོན་རིན་པོ་ཆེས་དྲ་རྒྱ་བརྒྱུད་ནས་དབང་བསྐུར་གནང་ན་དེ་ལ་བལྟས་ནས་མ་འོངས་པར་དབང་སྐུར་མཁན་བྱུང་ན་བསྟན་པ་བཤིག་པའི་སྟ་རེ་ཆགས་ཀྱི་རེད་ཅེས་ངས་ལབ་ཚར་བ་རེད། དེ་ནས་དྲ་རྒྱའི་ནང་ནས་དབང་བསྐུར་ན་དེ་ལུང་དང་རིགས་པ། མན་ངག ལྷག་པར་དུ་རྒྱུད་ཀྱི་དགོངས་པ་དང་མི་མཐུན་པ་ཡིན་པ། དམ་ཚིག་ཉམས་ཀྱི་ཡོད་པ། དབང་ཐོབ་ཀྱི་མེད་པ། རྒྱུད་པ་གཙང་མ་ཟིན་གྱི་མེད་པ། མི་མང་པོ་ཞིག་མནར་མེད་པའི་དམྱལ་བ་ལ་ཁྲིད་ཀྱི་ཡོད་པ། དེ་ཚོའི་སྐོར་དེ་རྒྱུད་ཀྱི་ཚིག་མང་པོ་དང་སྦྱར་ནས་བྲིས་པ་ཡིན་ན། འབྲི་རྒྱུ་ཡོད་ཐག་ཆོད་རེད། གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ཀྱི་ནང་དུ་དེ་ཡོད་རེད། དེ་འདྲའི་དེབ་མང་པོ་བརྩམས་པ་ཡིན་ན་དངོས་གནས་ཀྱི་མཚན་ཤས་དེ་ཆགས་ཀྱི་རེད་བསམ་གྱི་འདུག མ་འོངས་པར་ལོ་བརྒྱ་དང་ཉིས་བརྒྱ། ལོ་སྟོང་ཕྲག་གི་རྗེས་ལའང་དེབ་དེ་ཚོ་ལྷག་སྡོད་ཀྱི་རེད། དེ་འདྲ་བྱས་ནས་མཚན་ཤས་ཤིག་ཆགས་པ་ཡིན་ན་དེ་ཡག་པོ་མ་རེད་དྲན་གྱི་ཡོད།

    ང་ལ་གཞན་ཞིག་གིས་ཁྱོད་ཀྱིས་དེ་འདྲ་དྲན་གྱི་ཡོད་ན། ཁྱེད་རང་གི་སྐད་ཆ་དེ་ག་རེ་བྱས་ནས་བཤད་པ་ཡིན་ཞེས་དྲིས་ན། ང་རང་ལ་ཕམ་ཁ་ཆེན་པོ་རག་གི་ཡོད་པ་དང་། མི་མང་པོ་མི་དགའ་བ་ཆགས་ཀྱི་ཡོད་པ། རྙོག་གྲ་ཤོད་ཀྱི་ཡོད་པ་དེ་ངས་ཤེས་ཀྱི་རེད། དེ་ཚོ་ཐམས་ཅད་བློས་བཏང་ནས་ངས་བཤད་དགོས་པ་དེ། དབང་གི་བརྒྱུད་པའི་ཆུ་བོ་མ་ནུབ་པ་ཞེས་རྩ་ཆེན་པོ་ཡིན་པ་དེ་སྡོད་དགོས་ཀྱི་ཡོད་པ། དེ་བསྡད་ན་རྡོ་རྗེ་ཐེག་པའི་བསྟན་པ་གནས་ཀྱི་ཡོད་པ། དབང་ཐོབ་ན་བསྐྱེད་རིམ་དང་། རྫོགས་རིམ་བསྒོམ་ཆོག་གི་ཡོད་པ། བསྐྱེད་རྫོགས་གཉིས་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ཀྱི་ཡོད་པ། དབང་དེ་མེད་ན་དེ་ཚོ་ཐམས་ཅད་མེད་འགྲོ་གི་ཡོད་པའི་རྒྱུ་མཚན་ཤེས་ནས། བློས་གཏོང་ཆེན་པོ་བྱས་ནས། བསྟན་པ་དང་རང་ཉིད་གཉིས་ལས་བསྟན་པ་རྩ་ཆེ་བ་ཡིན་པ་རྒྱུ་མཚན་དུ་བྱས་ནས་ངས་དེ་བཤད་པ་ཡིན། དེ་བཤད་པའི་རྒྱུ་མཚན་ལ་བརྟེན་ནས། ཁྱོད་གསོད་ཀྱི་རེད་ཅེས་ཟེར་མཁན་ཡང་འདུག དེ་རིང་རང་འབྲུག་ནས་གཟབ་གཟབ་གྱིས་མ་གཏོགས་གསོད་ཀྱི་རེད་ཅེས་གསུང་མཁན་ཞིག་བྱུང་སོང་། བསད་པ་ཡིན་ཡང་ཁྱད་པར་མེད། ད་བར་སྲོག་མང་པོ་ཆད་པ་རེད་དེ། བསྟན་པ་རིན་པོ་ཆེའི་དོན་དུ་སྲོག་ཆད་པ་དེ་ཉུང་ཉུང་ཡིན་གྱི་རེད། ཉེན་ཁ་ག་རེ་འཕྲད་ཀྱང་ངས་དེ་བཟོད་ཐུབ་ཀྱི་རེད། ག་རེ་བྱས་ནས་ཞུས་ན། ངས་བླ་མ་མཚན་ཉིད་དང་ལྡན་པ་མང་པོ་བསྟེན། རྒྱུད་སྡེ་ཁག་གི་བཤད་རྒྱུན་མང་པོ་ཞུས། དབང་མང་པོ་ཞུས། ཉམས་ལེན་ཡང་ག་ལ་གང་འཚམ་ཞིག་བྱས་བཞག་པའི་མི་ཞིག་ཡིན་དུས། བསྟན་པ་དང་སྔགས་རྡོ་རྗེ་ཐེག་པ་ཞེས་པ་དེ་ག་འདྲ་ཞིག་རྩ་ཆེན་པོ་ཡིན་པ་དེ་ལ་ཡིད་ཆེས་པའི་དད་པའི་ཐོག་ནས་ངས་བློས་གཏོང་དེ་བྱས་པ་ཡིན་དྲན་གྱི་ཡོད།

    ཡང་ཉེན་ཁ་གཅིག་ལ་ཆོས་བརྒྱུད་ཕན་ཚུན་གྱི་རྙོག་གྲྭ་ཞིག་གཏན་ནས་མ་རེད། ངས་ཆོས་བརྒྱུད་བྱེ་བྲག་པ་ཞིག་ལ་གང་ཡང་ཞུས་མེད། ང་ཞུ་དགོས་པ་གང་ཡང་མེད། དད་པ་དག་སྣང་ཐམས་ཅད་ལ་བྱེད་ཀྱི་ཡོད་རེད། ཁྱོད་རིས་མེད་ཡིན་ནམ་ཟེར་ན། ང་རིས་མེད་མིན། ཡིན་ནའང་ང་རྙིང་མ་པ་ཞིག་རེད། དེས་སྐད་ཆ་ཞིག་བཤད་པ་དེ་རྙིང་མ་པ་རྟོག་གེ་བ་དེ་ཚོས་རང་ཕྱོགས་སུ་བཟུང་། དེ་ལ་རྒྱབ་སྐྱོར་གྱི་ཡི་གེ་འདྲ་ཞིག་འབྲི་ཁུལ་བྱས། དགེ་ཕྱོགས་ལ་ཕོག་དགོས་པ་ཞིག་གང་ཡང་ཡོད་མ་རེད་དེ། ༧སྐྱབས་མགོན་རིན་པོ་ཆེ་དགེ་ལུགས་ཁོ་ན་ཡིན་བསམ་མཁན་གྱི་གང་ཟག་དེ་ཚོས། ང་ཚོའི་བླ་མ་ལ་མཚན་སྨད་ཞུས་པ་རེད་ཅེས་དེ་ལ་དགག་ལན་འདྲ་ཞིག་འབྲི་ཁུལ་བྱས། དེ་འདྲ་བྱས་ནས་ཕར་བྲིས་ཚུར་བྲིས། དེ་ཚོ་ཐམས་ཅད་གསར་འགྱུར་གྱི་བརྒྱུད་ལམ་དུ་བཏང་། དེ་ཙམ་དུ་མ་ཟད། དབྱིན་ཇིའི་སྐད་དང་། ཕ་རན་སིའི་སྐད། ཨུ་རུ་སུའི་སྐད་སོགས་སུ་དེང་སང་ལམ་སང་སྒྱུར་ཡོང་གི་འདུག ཆོས་ཀྱི་གནད་དོན་ཆེན་པོ་མི་ཤེས་པའི་ཕྱི་རྒྱལ་དེ་ཚོས་ཀྱང་ཕྱོགས་ཆེན་འདྲ་ཞིག་བྱས་ནས་རྙོག་གྲྭ་དེ་རྒྱུན་མ་ཆད་པ་ཞིག་ལྷགས་པ་ཡིན་ན། བསྟན་སེལ་སྡེ་འཁྲུགས་ཆེན་པོ་ཞིག་ཆགས་ས་རེད་བསམས་ནས་སེམས་ཁྲལ་ཆེན་པོ་ཞིག་ཡོད། དྲ་རྒྱའི་བརྒྱུད་ལམ་ཁ་ཤས་ནང་བཤད་རྒྱུ་བྱུང་སོང་། དེ་འདྲ་གང་ཡང་དགོས་མ་རེད་ཅེས་ལབ་ཀྱི་བྱུང་ལ། དེ་འདྲ་མི་ཡོང་བའི་སྩོལ་བ་ཆེན་པོ་བྱེད་བཞིན་ཡོད་པ་དང་། གསོལ་བ་བཏབ་ནས་བསྡད་ཡོད། དེ་ངས་ཉེན་ཁ་ཞིག་ཏུ་མཐོང་གི་འདུག

    ང་ལ་གཤེ་གཤེ་གཏོང་མཁན་དེ་ཚོས་ཚིག་ངན་པ་དེ་འདྲ་ལབ་ཀྱི་འདུག དཔེར་ན་སྡོམ་ཤོར། བོད་མི་མང་གི་ཞབས་འདྲེན། བོད་མིའི་དགྲ་བོ། སྐྱ་མིན་སེར་མིན་ཟེར་བ་སོགས་སྐད་ཆ་སྡུག་རིགས་སྡུག་ཚད་ཚང་མ་ལབ་ཀྱི་འདུག བདེན་པ་རེད། དེ་ཚོས་གནད་འགག་གང་ཡང་ཡོད་མ་རེད། ང་ལ་བསྟན་དགྲ་རེད། བོད་མི་མང་གི་དགྲ་བོ་རེད་ཅེས་ལབ་ཀྱང་། ང་ཆགས་ཀྱི་མ་རེད། དཔེར་ན་ངས་ལབ་མེད་དེ། ༧སྐྱབས་མགོན་རིན་པོ་ཆེ་ལ་བསྟན་བཤིག་རེད་ཅེས་ལབ་པ་ཡིན་ནའང་། ཚིག་རྩུབ་པོ་ཞིག་རེད་མ་གཏོགས། དོན་དུ་དེ་༧སྐྱབས་མགོན་རིན་པོ་ཆེ་བསྟན་བཤིག་ཆགས་ཀྱི་མ་རེད།

    དྲི་བ། གལ་སྲིད་དྲ་རྒྱ་བརྒྱུད་ནས་དབང་ཐོབ་ཀྱི་ཡོད་པའི་དབང་དུ་བཏང་ནས་བཤད་ན། ༧གོང་ས་མཆོག་གིས་དམ་ཚིག་ཉམས་ཆག་ཅན་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་དབང་གྲལ་དུ་སླེབས་ན། ༧གོང་ས་མཆོག་གི་སྐུ་ཚེ་ལ་བར་ཆད་ཡོང་གི་ཡོད་པ་ཞིག་ཡང་ཡང་གསུངས་ཡོད་པ་རེད། དྲ་ཐོག་ནས་དབང་བསྐུར་ན་དོལ་རྒྱལ་རྗེས་འབྲངས་པ་དེ་ཚོ་ཡང་ཆེད་དུ་དེའི་ནང་དུ་ཡོང་ནས་ག་རེ་གསུང་གི་ཡོད་མེད་བལྟ་སྲིད་པ་རེད། དེའི་སྐོར་ནས་དགོངས་ཚུལ་ག་རེ་ཡོད།

    ལན། སྐད་ཆ་དེ་ཚོ་དབང་སྐུར་རྒྱུའི་དམ་ཚིག་གི་སྐད་ཆ་བཤད་ན་དེའི་ནང་ནས་ཆུང་ཆུང་གྲས་རེད། དབང་གི་སྐོར་ངས་མང་ཙམ་ཤེས་ཀྱི་ཡོད། རྒྱུད་ཀྱི་དགོངས་པ་མང་པོ་ཞིག་བཀྲལ་ནས་དབང་གི་སྐོར་ལ་དཔེ་ཆ་མང་པོ་བལྟ་མྱོང་། བླ་མ་ཚད་ལྡན་དེ་ཚོ་ལས་ཞུས་ནས་བསམ་བློ་བཏང་ཡོང་དུས་དབང་ཞེས་པ་དེ་ལས་སླ་པོ་རེད་མི་འདུག དབང་ཐོབ་ཅེས་པ་དེ་དཀའ་ལས་ཁག་པོ་ཡིན་པ་དང་། གལ་སྲིད་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། མཐའ་རྟེན་དང་བཅས་པ་མང་པོ་རེད། དཔེར་ན་ཕྱི་བུམ་པའི་དབང་། ནང་གསང་བའི་དབང་། དེ་ཚོ་ལའང་ཆ་རྐྱེན་ཆེན་པོ་དགོས་པ་རེད། གལ་སྲིད་དབང་དེ་ཐོབ་པའི་དབང་དུ་བཏང་ན། དབང་སྲོག་གི་ཡེ་ཤེས་དམ་ཚིག་སྲུང་རྒྱུ་དེ་ཧ་ཅང་གི་དཀའ་ལས་ཁག་པོ་རེད། དབང་དེ་ཞུས་ན་ཡག་ས་རེད་དམ། མ་ཞུས་ན་ཡག་ས་རེད་ཅེས་སོ་སོས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོང་གི་འདུག དེ་ཚོ་རྒྱ་ཆེན་པོ་རེད། ཆ་རྐྱེན་གྱི་ཐོག་ནས་བཤད་ཀྱང་དབང་བསྐུར་བའི་སློབ་དཔོན་གྱི་ལྟ་སྒོམ་སྤྱོད་གསུམ། མཚན་ཉིད་བཅས་ཚང་དགོས་ངེས་ཡིན་པ་དང་། དབང་ཞུ་མཁན་གྱི་སློབ་མའི་ཆ་རྐྱེན་དེ་དབང་རེ་རེ་བཞིན་གྲངས་ཀ་མང་ཉུང་སོགས་མང་པོ་ཡོད་རེད། དེ་རྒྱུད་སྡེའི་དགོངས་པ་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བཀའ་རེད། དེ་ཚོར་བསམ་བློ་བཏང་དུས་དབང་ཞུས་ནས་རྩ་བའི་བླ་མའི་དམ་ཚིག་ཅུང་ཙམ་སྲུང་ཐུབ་ཆགས་ཀྱིས་དང་། རྩ་བའི་མཆེད་གྲོགས་ཀྱི་དམ་ཚིག་དེ་བསམ་དགོས་པ་གནད་འགག་ཆེན་པོ་དཔེ་རེད། དེ་རྒྱུད་ཀྱི་དགོངས་པ་རེད། བསམ་དགོས་མ་རེད་ཅེས་ལབ་གང་ནས་ཤེས། དེ་ཧ་ལས་པའི་ཉེན་ཁ་ཆེན་པོ་རེད། དཔེར་ན་རྡོ་རྗེའི་སྤུན་ཞེས་པ་དེ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མ་གུས་པ་དང་། མ་འཚམ་པ་དེ་འདྲ་ཆགས་པ་ཡིན་ན་རྩ་བའི་དམ་ཚིག་ཉམས་འགྲོ་གི་ཡོད་པ་རེད། རྩ་བའི་དམ་ཚིག་ཉམས་པ་མ་གསོས་ན་མནར་མེད་པའི་དམྱལ་བའི་ནང་དུ་སྐྱེས་འགྲོ་གི་རེད་ཅེས་ཐག་བཅད་ཚར་བ་རེད། དེ་གཅིག་རེད། དྲ་རྒྱ་བརྒྱུད་ནས་དབང་སྐུར་ན་ཐོབ་ཀྱི་མ་རེད་བསམ་གྱི་ཡོད། ངས་ཅི་ཤེས། གལ་སྲིད་ཅུང་ཙམ་ཐོབ་པའི་དབང་དུ་བཏང་ན། རྡོ་རྗེ་འཆང་ནས་བརྒྱུད་པའི་རྒྱུད་ཀྱི་དགོངས་དོན་ལྟར་དམ་ཚིག་སྲུང་རྒྱུའི་ཐོག་ནས། དྲ་རྒྱའི་ནང་ནས་དབང་བསྐུར་ནའང་སྐུར་མཁན་བླ་མ་སུ་ཡིན་པ་དེ་ཧ་གོ་གི་ཡོད་ཀྱང་། སློབ་མ་སུ་དང་སུ་ཡོད་མེད་དང་། དམ་ལྡན་ཡིན་དང་དམ་ཉམས་ཡིན་སུས་ཤེས། ཆ་རྐྱེན་ཚང་ཡོད་མེད་ག་རེ་ཧ་གོ་རེད། དེའི་ནང་དུ་དམ་ཚིག་ཉམས་པའི་གང་ཟག་བརྒྱ་སྟོང་མང་པོ་འཚང་སྲིད་ཀྱི་རེད། དེའི་སྐོར་རྒྱ་ཆེན་པོ་རེད།

    དོལ་རྒྱལ་གྱི་སྐོར་དེ་ཡང་ངས་དྲན་སོང་། ༧སྐྱབས་མགོན་རིན་པོ་ཆེས་ལོ་མང་པོ་ཞིག་གི་སྔོན་ནས་གསུངས་པ་རེད། ཁོང་གི་བཀའ་ཆོས་སྤྱི་དང་། བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་དབང་། དེའི་ནང་ནས་ཀྱང་རྒྱུད་སྡེ་གོང་མ་དེ་ཚོའི་དབང་གནང་བའི་སྐབས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དེ་ཚོ་ཡོང་མི་ཆོག་ཅེས་བཀའ་ནན་པོ་གནང་སྡོད་ཀྱི་ཡོད་པ་རེད། ཡིན་ནའང་ཁ་ཤས་འཚང་ཁ་བརྒྱབ་ནས་ཡོང་གི་འདུག་གཱ། དབང་དངོས་སུ་སྐུར་དུས་ཀྱང་དབང་གྲལ་ནས་ཁ་ཤས་འཕུད་དགོས་ཐུག་མྱོང་བ་རེད། དེ་ལོ་རྒྱུས་ཀྱི་ནང་དུ་ཡོད་པ་རེད། དེ་འདྲ་གནང་དགོས་པའི་རྒྱུ་མཚན་དེ་དབྱིན་ཇིའི་སྐད་ནང་Public Talk ལྟ་བུ་ཡིན་ན་གནད་འགག་ཡོད་པ་མ་རེད་དེ། དབང་བསྐུར། སྡོམ་པ་གནང་། དམ་ཚིག་སྲུང་དགོས་པ་དེ་འདྲ་ཡིན་ན་མ་ཡོང་ན་དགའ་རེད་མ་གཏོགས། བླ་མའི་སྐུ་ཚེ་ལ་གནོད་ཀྱི་རེད་ཅེས་གསུངས་པ་རེད། ཁོང་ལ་དེ་ལས་ལྷག་གནོད་པ་ཡོད་མ་རེད་ཅེས་གསུངས་པ་རེད། བླ་མའི་སྐུ་ཚེ་ལ་གནོད་ཀྱི་ཡོད་ན་དེ་ཉེན་ཁ་ཆེན་པོ་རེད། ཁོང་ཚོ་ནི་འཚང་གི་རེད། ག་རེ་བཤད་ཀྱི་འདུག་བལྟ་གི་རེད། ལྷག་པར་དུ་སྐུ་ཚེ་ལ་གནོད་ཀྱི་རེད་ཟེར་ན། དོལ་རྒྱལ་རྗེས་འབྲངས་པ་དེ་ཚོས་གང་གནོད་པ་དེ་བཟོ་གི་རེད། དེའི་ཐོག་ང་ལ་བྱུས་གཏོགས་མེད་པར་བྱུས་གཏོགས་བྱེད་མཁན་གཞན་ཡོད་པ་རེད།

    དྲི་བ། ཁྱེད་ཀྱིས་གོང་དུ་མང་པོ་གླེང་པ་བཞིན་ད་ལན་རྙོག་གྲ་ཅན་གྱི་བཀའ་མོལ་ཞིག་གནང་བ་རེད། དེ་ལ་བརྟེན་ནས་ཁྱེད་ཀྱི་རེ་བ་ཇི་བཞིན་འགྲུབ་ཀྱི་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད་དམ། མེད་པ་ཞིག་ཏུ་གཟིགས་ཀྱི་ཡོད།

    ལན། ངས་བློས་གཏོང་ཆེན་པོ་བྱས་ནས་༧སྐྱབས་མགོན་རིན་པོ་ཆེས་དྲ་རྒྱའི་ནང་ནས་དབང་བསྐུར། དེ་ལ་ལད་མོ་བྱས་ནས་མ་འོངས་པར་དེ་འདྲའི་ལུགས་སྲོལ་ཞིག་ཆགས་ན། བསྟན་པ་བཤིག་པའི་སྟ་རེའམ། ལག་ཆ་ཆགས་ཀྱི་རེད་ལབ་པ་ཡིན། གསང་ཆེན་རྒྱུད་སྟོད་གྲྭ་ཚང་གིས་དྲ་རྒྱ་བརྒྱུད་ནས་དབང་མང་པོ་སྐུར་རོགས་གྱིས་ཞེས་གསོལ་བ་བཏབ་ཡོད་རེད། དེ་ནང་བཞིན་གསོལ་བ་འདེབས་མཁན་མང་པོ་ཡོད་ཀྱི་རེད། དེ་ལྟར་མཛད་ཀྱི་ཡོད་ངེས་རེད། དེ་ཚོ་འགོག་ཐུབ་ཀྱི་རེད་བསམ་པ་ངའི་རྨི་ལམ་དུའང་མེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེས་གནང་རྐྱང་གནང་། དེའི་ལོ་རྒྱུས་ཀྱི་ཤུལ་བཞག་དེ་ལྷག་སོང་ན། ལོ་བཅོ་ལྔ་ཉི་ཤུའི་རྗེས་སུ་དེ་སྟབས་ཧ་ཅང་བདེ་པོ་ཡིན་པས་དྲ་རྒྱའི་བརྒྱུད་ལམ་གཅིག་པུའི་ནང་ནས་དབང་བསྐུར་མཁན་མ་གཏོགས་མེད་པ་ཆགས་པ་ཡིན་ན། བོད་བརྒྱུད་ནང་བསྟན་གྱི་སྔགས་རྡོ་རྗེའི་ཐེག་པ་དེ་ག་འདྲ་ཆགས་ཀྱི་རེད། དེ་ལ་བསམ་བློ་བཏང་ནས། སྤྱི་འཐུས་ནང་གི་སྐད་ཆ་ཞིག་དཔེ་མཚོན་དུ་སྦྱར་ནས་བཤད་ན། ང་སྤྱི་འཐུས་བྱས་ནས་མང་པོ་བསྡད་མྱོང་བ་རེད། དཔེར་ན་སྤྱི་འཐུས་ལྷན་ཚོགས་ནང་གནད་དོན་གཅིག་གི་སྐོར་ལ་གྲོས་ཆོད་ཅིག་འཇོག་དགོས་ཀྱི་ཡོད་ན། སྤྱི་མོས་སམ་མང་མོས་ཞེས་པ་ཞིག་ཡོད་རེད། ངས་དེ་སྤྱི་མོས་ལ་མ་བཏང་བ་ཡིན། ང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གཅིག་པུས་དགག་པ་ཞིག་བརྒྱབ་པ་རེད་ཅེས། ༧སྐྱབས་མགོན་རིན་པོ་ཆེས་༢༠༢༠ ལོར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དྲ་ལམ་ནས་སྩོལ་སྐབས་དྲ་ཐོག་ནས་དབང་བསྐུར་རྒྱུར། སྤྱི་འཐུས་ལྷན་ཚོགས་ཀྱི་ཚིག་ཅིག་གཡར་ནས་བེད་སྤྱོད་བཏང་ན། ངས་དགག་པ་ཞིག་བརྒྱབ་པ་རེད། རྙོག་གྲ་ཞིག་བྱུང་བ་རེད་ཅེས་ལོ་རྒྱུས་ནང་ལྷག་རྒྱུའི་ཆེད་དུ་ཡིན། ཆོས་བརྒྱུད་ཁག་གཞན་དག་གིས་ག་རེ་གནང་དང་མ་གནང་གི་སྐོར་ང་ལ་བྱུས་གཏོགས་གང་ཡང་མེད། བྱུས་གཏོགས་ཐུབ་མཁན་གྱི་མི་མ་རེད། ཡིན་ནའང་རྙིང་མའི་བཀའ་གཏེར་གཉིས་ཀྱི་དབང་གི་བརྒྱུད་པ་དེ་ད་ལྟ་མ་ཉམས་པར་གནས་ཡོད་པ་དེ། རྟགས་དང་མཚན་མ་ཆེན་པོ་འདུག བྱིན་རླབས་ཀྱི་བབས་འདུག ང་རང་གིས་དབང་ཞུ་དུས། ང་ལྟ་བུའི་སོ་སྐྱེས་ཐ་མལ་པ་ཞིག་ལ་བྱིན་རླབས་ཀྱི་བབས་ཡོད་པ་དེ་ངས་ཀྱང་ཤེས་ཀྱི་འདུག བཀའ་གཏེར་ཚད་ལྡན་དག་གི་བརྒྱུད་པ་དེ་ད་ལྟའི་བར་དུ་བསྡད་འདུག བྱིན་རླབས་དབང་གི་ཆུ་བོ་མ་ནུབ་པ་རེད་འདུག དམ་ཚིག་ལ་སད་མེད་པ་ཕལ་ཆེར་ཡིན་ས་རེད། དེ་མ་ཉམས་པར་ཧ་ཅང་ཡག་པོ་ཞིག་གནས་མ་ཐུབ་ཀྱང་། གང་ཟག་གཅིག་གི་བརྒྱུད་ནས་གཅིག་བྱས་ཏེ་དབང་གི་ཕྲེང་བ་དེ་བར་མ་ཆད་པ། ངས་གང་ཟག་འདིའི་མདུན་ནས་དབང་འདི་ཐོབ་པ་ཡིན་ཞེས་བཤད་རྒྱུ་ཡོད་པ་ཞིག་རེད་ན་བསམས་ནས། ལྷག་བསམ་དེ་འཆང་ནས་སྐད་ཆ་དེ་བཤད་པ་ཡིན།

    དབང་གི་བརྒྱུད་པ་དེ་མ་ཉམས་ན་གྲུབ་པ་ཐོབ་པ་ཡོང་གི་རེད། དབང་གི་བརྒྱུད་པ་དེ་ཉམས་སོང་ན་གྲུབ་པ་ཐོབ་རྒྱུ་མེད་འགྲོ་གི་རེད། ད་ལྟ་བར་དུ་ང་རང་གི་མི་ཚེ་འདི་ལ་མིང་རེ་རེ་བྱས་ནས་སྨྲོས་དགོས་དོན་མེད་ཀྱང་། རྙིང་མ་པ་དང་། བཀའ་བརྒྱུད་པའི་ནང་དུ་གྲུབ་པ་ཐོབ་ནས་གྲུབ་རྟགས་སྟོན་རྒྱུ་ཡོད་པ་མང་པོ་ཞིག་མཐོང་སོང་། གྲུབ་རྟགས་འདི་དང་འདི་བསྟན་པ་རེད་ཅེས་བཤད་རྒྱུ་ཡོད་པ་དེ་འདྲ་ཡོད་རེད། གྲུབ་རྟགས་སྟོན་རྒྱུ་ཡོད་ན་དེ་དབང་གི་ནུས་པ་ལ་བརྟེན་ནས་བྱུང་བ་རེད། དེ་མ་གཏོགས་ཡོང་སྲིད་ཀྱི་མ་རེད། ངས་གོང་དུ་བཤད་པའི་དམིགས་ཡུལ་དེ་འཆང་ནས་བཟོས་པ་ཡིན། དེའི་དམིགས་ཡུལ་དེ་ཕལ་ཆེར་འགྲུབ་ཀྱི་རེད། ཟིང་ཆ་འུར་སྒྲ་ཏོག་ཙམ་ཡོང་གི་རེད། ཧ་ལས་ན་ང་བསད་ཡོང་། དེ་མ་གཏོགས་གང་ཡང་ཡོང་གི་མ་རེད།

    དྲི་བ། རིན་པོ་ཆེ་བླ་སྤྲུལ་ཡིན་པ་གཅིག་པུ་མ་རེད། ཆབ་སྲིད་ཀྱི་ཐོག་ནས་ཀྱང་སྤྱི་འཐུས་ཡུན་རིང་གནང་བ་རེད། ད་ལྟའི་གནས་ཚུལ་འདི་ལ་ཆབ་སྲིད་ཐོག་ནས་ག་འདྲ་ཞིག་བལྟ་དགོས་པ་རེད།

    ལན། ང་སྤྱི་འཐུས་ལོ་མང་པོ་བྱེད་མྱོང་ཡང་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་ཤོད་འདོད་མི་འདུག་སྟེ། ཅུང་ཙམ་ཞིག་ཞུས་ན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་བླ་ན་མེད་པ་དེ། བཙན་བྱོལ་བོད་མི་དེ་ཚོ་མང་གཙོའི་ལམ་དུ་འཁྲིད་ཐུབ་པ་ཞིག་དགོས་པ་དེ། ཆུང་བྱིས་པའི་དུས་ནས་དགོངས་གཞི་དེ་ཡོད་ཅེས་གསུང་གི་ཡོད་པ་རེད། རྒྱ་གར་ལུང་པར་ཆིབས་བསྒྱུར་གྲུབ་ནས་མང་གཙོའི་རྩ་ཁྲིམས་ཟིན་བྲིས་མཛད་པ་སོགས་དང་། ང་ཚོས་ད་ལྟ་མང་གཙོའི་དུས་ཆེན་བཟོ་གི་ཡོད་པ་རེད། མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཏུ་སླེབས་ནས་མི་མང་གིས་ཐད་ཀར་འདེམས་པའི་སྲིད་སྐྱོང་ལ་སྲིད་དབང་རྩིས་སྤྲོད་རྒྱུ་དེ་དགོངས་གཞི་མཐར་ཕྱིན་པ་གྲུབ་པ་ཡིན་ཞེས་གསུངས་པ་རེད། ཡིན་ནའང་མང་གཙོའི་ལམ་སྲོལ་དང་མི་མཐུན་པ་ཞིག་ལ། ༧སྐྱབས་མགོན་རིན་པོ་ཆེ་ལ་ཟུར་ཟ་ངོ་མ་ཡིན་མིན་གང་ལྟར་ཡང་། ཚིག་གི་ཟུར་ཙམ་ནས་མཐོ་དམན་ཅུང་ཙམ་རེ་ཤོར་ཡོང་དུས་ལམ་སང་སྤྱི་ཚོགས་ནང་ཕུ་དཀྲུག་མདའ་དཀྲུགས་བཟོས་ནས་ཧ་ལས་པའི་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་འདུག དེ་འདྲ་མ་གནང་ན་ཡག་གི་རེད་བསམ་པ་ཞིག་ཡོད། གལ་སྲིད་གནང་བསྡད་ནའང་། དེ་ལ་མ་འོས་པ་དང་མ་འཚམ་པ་རེད་ཅེས་གང་ཡང་ཞུ་རྒྱུ་མེད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་མཐུན་པ་ཞིག་ཡིན་ན་དེ་འགྲིག་གི་རེད། ཁ་སང་རང་ཀླུ་མཁར་བྱམས་ཀྱིས་སྐད་ཆ་བཤད་པ་ཞིག་མཐོང་སོང་། དེ་འདྲ་བའི་མང་གཙོ་དང་འབྲེལ་བའི་སྐད་ཆ་ཤོད་མཁན་མང་པོ་ཞིག་འདུག མང་གཙོའི་ལམ་དུ་འགྲོ་གི་མི་འདུག་ཅེས་པ་དེ་རེད། ༧གོང་ས་མཆོག་གིས་མང་གཙོའི་ལམ་དུ་འགྲོ་དགོས་པ་རེད་ཅེས། ཨུ་ཚུགས་མཛད་ནས་མང་གཙོ་དེ་དགེ་མཚན་ཆེན་པོ་རེད། ཡང་དག་པ་རེད་ཅེས་གསུངས་པ་རེད། ངས་མང་གཙོ་ཞེས་པ་དེ་ལ་དམིགས་བསལ་གྱིས་ཁེ་ཕན་ཆེན་པོ་ཡོད་པ་ཞིག་དང་། ལྷག་པར་དུ་འཐབ་རྩོད་བྱེད་མཁན་གྱི་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་དེ་བས་ཀྱང་གལ་ཆེན་པོ་དེ་ཙམ་ཞིག་ཏུ་མཐོང་གི་མེད། འོན་ཀྱང་མང་གཙོའི་ལམ་དུ་འགྲོ་དགོས་ཀྱི་ཡོད་པ་དེ་གལ་ཆེན་པོ་ཡིན་ན་མི་ཚང་མས་དེ་འདྲ་མ་གནང་ན་ཡག་གི་རེད། བསམ་ཚུལ་མི་འདྲ་བ་ཅུང་ཙམ་རེ་བྱུང་དུས་ནས་འབུར་འཇོམས་བྱེད་པ་དང་། ལམ་སང་མི་རེ་ཟུང་གིས་སྐབས་འཚོལ་བྱས་ནས་རྡུང་ས་ལ་བརྡུང་། བཤིག་ས་ལ་བཤིག ཐ་ན་མོ་ཊ་ལ་རྡོ་བརྒྱབ་པ་སོགས་བྱས་བསྡད་པ་ཡིན་ན། དེའི་ལུགས་སྲོལ་དེ་ཡུན་རིང་པོར་གནས་ཐུབ་ཀྱི་མ་རེད། མཐའ་མ་གྱོང་ཆེན་པོ་རག་གི་རེད།

    དྲི་བ། ད་ལྟ་རྩོད་རྙོག་འདིའི་སྐབས་སུ་ཁྱེད་ལ་རྒྱབ་སྐྱོར་ཞུ་མཁན་ཡང་མང་པོ་འདུག དེ་དག་ལ་ག་རེ་གསུང་རྒྱུ་ཡོད།

    ལན། ང་སྐྱེས་ས་ཁམས་རི་བོ་ཆེ་རེད། ངའི་ཕ་དེ་ཁམས་སྡེ་དགེ་རེད། ངའི་ཨ་མ་དེ་ཁམས་ནང་ཆེན་རེད། དེ་ཡིན་དུས་ང་ཁམས་པ་རེད། ང་ཁམས་པ་ཡིན་པ་ལ་བརྟེན་ནས་ཁམས་པའི་ཞེན་ཆགས་འདྲ་དེ་ཡང་སོ་སྐྱེས་ཐ་མལ་པ་ཡིན་དུས་ཨོ་ཙི་ཆེན་པོ་ཡོད་རེད། དེ་ང་རང་གིས་ཤེས་ཀྱི་ཡོད། ངས་མདོ་སྟོད་སྤྱི་འཐུས་ལོ་བཅུ་བཞི་ལ་བྱས་པ་ཡིན། དེ་ཙམ་དུ་མ་ཟད། མདོ་ཁམས་ཆུ་བཞི་སྒང་དྲུག་ལའང་ཞབས་ཞུ་ག་ལ་གང་འཚམ་ཞུས་ཡོད། སྡེ་དགེ་ཚོགས་པ་ལའང་ཞབས་ཞུ་ག་ལ་གང་འཚམ་ཞུས་ཡིན། ཁམས་རིགས་ཀྱི་ཚོགས་པ་ཁ་ཤས་ཀྱི་ནང་དུ་མིང་ཐོ་བཀོད་ནས་ལས་ཀ་ཏོག་ཙམ་རེ་བྱེད་མྱོང་། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ད་ལྟའི་རྙོག་གྲྭ་འདི་ལ་རྒྱབ་སྐྱོར་ཡིན་པའི་ཁུལ་བྱས་ནས། ཁམས་པ་དེ་ཚོས་དྲ་རྒྱའི་ནང་རྙོག་གྲ་མང་པོ་ཤོད་ཀྱི་ཡོད་པ་དང་། དེའི་ལན་འདེབས་དེ་ཚོ་དབུས་གཙང་དང་ཨ་མདོ་དེ་ཚོས་གནང་གི་ཡོད་པ། དེ་འདྲ་མཐོང་གི་འདུག ཐོས་ཀྱི་འདུག དེ་བརྒྱ་ཆ་བརྒྱ་ཐམ་པ་ནོར་འཁྲུལ་རེད། དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད། ངས་ཆབ་སྲིད་ཀྱི་ལས་ཀ་མ་བྱས་ནས་ལོ་མང་པོ་ཆགས་ཚར་བ་རེད། ༧སྐྱབས་མགོན་རིན་པོ་ཆེའི་ཆོས་སྲིད་ཀྱི་སྐུ་དབང་ཡོངས་རྫོགས། བཅའ་ཁྲིམས་ཀྱི་ནང་ནས་མེད་པ་བཟོ་བའི་སྐབས་དེ་རང་ནས། ང་སྤྱི་འཐུས་ལྷན་ཚོགས་ཀྱི་ར་བ་དེའི་ནང་ནས་རྩ་དགོངས་ཞུས་པ་ཡིན། དེ་ནས་བཟུང་ངས་དྷ་རམ་ས་ལའི་ཆབ་སྲིད་ཀྱི་ནང་དུ་ལས་ཀ་གང་ཡང་བྱེད་ཀྱི་མེད་ལ། དམིགས་བསལ་ཚོགས་ཆེན་ཐེངས་ཁ་ཤས་འཚོགས་སོང་། དེ་ལ་ཤོག་ཅེས་བཀའ་རྒྱ་གནང་སོང་ཡང་ང་བཅར་མེད། ཆབ་སྲིད་ཀྱི་ལས་ཀ་བྱས་ནས་ཕན་ཐོགས་གང་ཡང་མེད་པ་དེ་ཤེས་ནས་ངས་གཡུགས་བཞག་པ་རེད། དེ་འདྲའི་གང་ཟག་ཅིག་གིས་ད་ལྟ་བཤད་པའི་སྐད་ཆ་འདི་ལ་ཆབ་སྲིད་ཀྱི་ངོ་བོ་གང་ཡང་ཡོད་མ་རེད། མེད་ཅེས་ཞུ་རྒྱུ་ཡིན། ཆོས་ཕྱོགས་གཅིག་པུའི་སྐད་ཆ་ཞིག་རེད། ཆོས་ཀྱི་ནང་ནས་ཀྱང་སྔགས་རྡོ་རྗེ་ཐེག་པའི་དབང་གི་སྐོར་གྱི་སྐད་ཆ་ཞིག་རེད། དེ་ལ་མདོ་སྟོད་རྒྱ་ཆེའི་མི་མང་ཕལ་ཆེ་བས་གང་ཡང་མཁྱེན་གྱི་མ་རེད་ལ། དེའི་སྐོར་ལ་མི་སུས་ག་རེ་བྱས། ག་རེ་ལབ་ནའང་། ཐ་ན་ཉེས་རྡུང་བཏང་། བོད་མི་མང་གི་སྐྱིད་སྡུག་ནས་གནས་དབྱུང་བཏང་། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོགས། དེ་འདྲ་བྱས་པ་ཡིན་ནའང་། ང་ལ་རྒྱབ་སྐྱོར་གནང་མི་དགོས། ང་རང་མགོ་ཐོན་མཁན་དང་། གནད་འགག་ག་རེ་ཡོང་གི་ཡོད་ཤེས་མཁན་གྱི་གང་ཟག་ཅིག་ཡིན་དུས་ང་ལ་ཁག་བསྙད་ནས་ཆོལ་ཁ་ནང་འཁྲུགས་ཀྱི་རྙོག་གྲྭ་དེ་མ་བཟོ། དེ་ངས་བང་ཆེན་གྱི་གསར་འགྱུར་འདི་བརྒྱུད་ནས་མདོ་སྟོད་རྒྱ་ཆེའི་མི་མང་ལ་རེ་སྐུལ་ཞུ་རྒྱུ་ཡིན།།

    སྤྱི་ཁྱབ་རྩོམ་སྒྲིག་པས་བཅར་འདྲི་ཞུས།།
    http://bangchen.net/45899/02/20/