སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བྱ་སྤྱོད་ལ་བློ་ཕམ་ཚད་མེད་བྱུང་བའི་གསལ་བསྒྲགས་གནང་འདུག

སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ནས་དྲ་ཐོག་བཀའ་དབང་གནང་ན་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་བཟོ་ཡི་ཡོད་སྐོར་མཚན་སྨད་ཞུས་པ་དེར་བཀའ་ཤག་བློ་ཕམ་ཚད་མེད་བྱུང་སྐོར་གསལ་བསྒྲགས་གནང་འདུགསྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཏཱ་ལའི་བླ་མས་ཉིན་གཉིས་རིང་བརྙན་འཕྲིན་ནང་འཛམ་བུ་གླིང་ཐམས་ཅད་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྐུར་ཡོང་གི་ཡིན་ཟེར་བ་དེ་ཚོ་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་བཟོ་ཡི་ཡོད་པ་རེད། ཅེས་སོགས་བརྗོད་པའི་སྒྲ་ཐུང་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་མཆོག་ནས་ཐུགས་ཚོར་གང་བྱུང་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་མེད་པར་ཡིད་ཆེས་ཡོད་པས། མང་ཚོགས་ཁྲོད་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་གྱུར་སྐོར་གསུངས་རྗེས། སྤྱི་ཚོགས་དྲ་ལམ་དུ་བློ་ཕམ་དང་སྐྱོན་བརྗོད་བྱེད་མཁན་ཧ་ཅང་མང་པོ་བྱུང་བ་མ་ཟད། ཆོས་རིག་བཀའ་བློན་གྱི་གཞུང་འབྲེལ་ལས་ཤོག་ཐོག་སྤེལ་གནང་བའི་གསལ་བཤད་ཡི་གེ་དེ་ངོ་མ་ཡིན་མིན་དང་། གལ་སྲིད་ཡིན་ན་དེ་བཀའ་ཤག་གི་བཞེངས་ཕྱོགས་ཡིན་མིན་སོགས་ཀྱི་སྐོར་ལ་གླེང་སློང་མང་པོ་བྱུང་བར་བརྟེན། དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་དེ་འབྲེལ་གྱི་ཡིག་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་། བྱ་སྤྱོད་དེ་ནོར་འཁྲུལ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་སྐོར་གསུངས་འདུག

དེ་ཡང་བཀའ་ཤག་གི་གསལ་བསྒྲགས་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དྲ་བརྙན་བརྒྱུད་བཀའ་དབང་བསྩལ་རྒྱུ་དཔེར་བཟུང་ནས་བླ་ཆེན་རྣམ་པས་སྤྱི་ཚོགས་དྲྭ་ལམ་ཐོག་བཀའ་དབང་དང་བྱིན་བརླབས་གནང་བ་དེ་དག་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་འགྲོ་ཚུལ་དང་བཅས་མཚན་སྨད་ཞུས་པ་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བློ་ཕམ་ཚད་མེད་དང་བྱ་སྤྱོད་དེ་ བཞིན་ནོར་འཁྲུལ་དུ་ངོས་འཛིན་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་གསལ་བསྒྲགས་ནང་། ཚང་མས་མཁྱེན་གསལ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་སྐུ་ངལ་སྐྱོན་གནང་བར་བརྟེན་ད་ལྟའི་རང་རེའི་སྤྱི་ཚོགས་དང་། འཛམ་གླིང་། ལྷག་པར་རྒྱ་ནག་སྐམ་ས་ཆེན་པོའི་ནང་བོད་བརྒྱུད་ནང་བསྟན་ ལ་དོ་དབྱིངས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་སྨྲོས་ཅི་དགོས། དེང་སྐབས་འཛམ་གླིང་གི་ཛ་དྲག་གནས་སྟངས་དང་བསྟུན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་བདག་བླ་ཆེན་རྣམ་པས་དྲྭ་བརྙན་བརྒྱུད་དུས་ཀྱི་དགོས་མཁོའི་རྒྱུ་མཚན་དུ་མར་དགོངས་ཏེ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དད་ ལྡན་ཡོངས་ལ་བཀའ་དབང་དང་བྱིན་རླབས་གནང་བར་སྙིང་དབུས་ནས་བཀྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ནད་ཡམས་རྐྱེན་གྱིས་སྒོ་རྒྱ་བསྡམས་པའི་དུས་འདིར་འཛམ་གླིང་དད་ལྡན་མང་པོས་གསོལ་འདེབས་དང་ལྷག་པར་བཀའ་ཤག་ནས་མཚན་འཁོད་ཞུ་སྙན་འབུལ་ལམ་ཞུས་པ་ལྟར་ད་རེས་ས་ག་ཟླ་བའི་དུས་ཚོད་ཁྱད་པར་ ཅན་འདི་འདྲ་ཞིག་གི་སྐབས་བཀའ་དབང་བསྩལ་རྒྱུའི་དགོངས་བཞེད་བསྐྱངས་པར་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ཡང་སྒོས་རང་ཅག་གངས་ཅན་པ་རྣམས་ལ་སྐལ་བཟང་གི་གོ་སྐབས་རིན་ཐང་བྲལ་བ་ཞིག་ཡིན། ཞེས་བཀོད་འདུག

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་གསལ་བཤད་ནང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་ནི་རྣམ་ཀུན་རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས། རང་ ལ་ཐུགས་ཚོར་གང་བྱུང་བ་ཞལ་ནས་ཐལ་བ་ཞིག་ལས་རྒྱབ་ལྗོངས་དམིགས་ཡུལ་གཞན་ཞིག་ཡོད་པར་ཡིད་ཆེས་མེད་ཀྱང་། དེ་ལ་བརྟེན་ནས་མང་ཚོགས་ཁྲོད་དུ་དོན་མེད་བློ་ཕམ་དང་བསམ་ཚུལ་མི་ཉུང་བ་ཞིག་ཡོང་གཞིར་སྣང་། ཞེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲྭ་བརྙན་བརྒྱུད་དབང་དང་བྱིན་རླབས་རིགས་གནང་སྐབས། དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུའང་མེད། འོན་ཀྱང་ཉན་མཁན་སོ་སོའི་དབང་པོ་དང་དད་པས་ལྕོགས་ན་བླ་མའི་ཐུགས་རྗེ་དང་ཆོས་ཀྱི་བྱིན་རླབས་གཉིས་ལ་བརྟེན་ནས་དབང་དངོས་གཞི་མ་ཐོབ་ཀྱང་ བྱིན་རླབས་ཁྱད་པར་ཅན་རེ་འཇུག་ཐུབ་པར་ཐེ་ཚོམ་དང་རྩོད་པ་མེད་པ་མ་ཟད། བླ་མ་རྣམ་པས་དེ་ལྟར་མཛད་དོན་ཡང་སློབ་མའི་སེམས་རྒྱུད་ལ་ཆོས་ཀྱི་བྱིན་རླབས་དང་བག་ཆགས་འཇོག་པའི་ཆེད་དུ་རེད་ཅེས་བརྗོད་ཆོག གཞན་ཡང་དབང་ཆེན་གྱི་མཚན་གྲགས་ལ་བརྟེན་ནས་སློབ་མ་མང་པོ་འདུ་བ་དང་། དེའི་གོ་སྐབས་བཟུང་སྟེ་ཆོས་ཀྱི་གཞི་རིམ་གནས་ལུགས་དང་བསླབ་བྱ་རྣམས་ངོ་སྤྲོད་མཛད་ཀྱི་ཡོད་སྐོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཀྱང་ཕེབས་མྱོང་ཡོད། ཅེས་བཀོད་འདུག

ཡང་གསང་སྔགས་ཁྲོམ་བསྒྲགས་མི་བྱེད་པའི་གསང་སྔགས་ཀྱི་དམ་ཚིག་ཡོད་པ་བདེན་ནའང་། དེ་དག་ཐད་དུས་རབས་མང་པོའི་སྔོན་རོལ་ནས་འགལ་འཛོལ་ཉམས་ཆག་ཅི་ཆེ་སོང་ཟིན་ཡོད་པ་དང་། དེ་ལ་བརྟེན་ནས་བསྟན་པ་ལ་གནོད་སྐྱོན་ཡང་ཅི་ཆེ་བྱུང་ཡོད་པ་གོར་མ་ཆགས། འོན་ཀྱང་དེ་དག་གི་ལེ་ཁག་དང་ཉེས་འགན་ཐམས་ཅད་ད་ལྟའི་བསྟན་བདག་རྣམ་པར་དཀྲི་རྒྱུ་ནི་ལོ་རྒྱུས་དང་རྒྱུ་མཚན་གནས་སྟངས་གང་ལ་གཞིགས་ཀྱང་འོས་འཚམས་ཤིག་རྩ་བ་ནས་མིན་པར་མ་ཟད། བོད་ཀྱི་༧རྒྱལ་བསྟན་ཡོངས་རྫོགས་ལོ་རྒྱུས་སུ་མ་གྲགས་པའི་གཉན་འཕྲང་དུ་གྱུར་སྐབས་སྤྱི་ནོར་ྋགོང་ ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། རིས་མེད་བསྟན་བདག་བླ་ཆེན་རྣམ་པས་སྐུ་ངལ་ཁྱད་བསད་ཀྱིས་བསྟན་པ་སླར་གསོ་ཇི་ལྟར་མཛད་ཡོད་མེད་ད་ལྟ་རང་ཅག་ཡོངས་ཀྱི་དྲན་ལམ་དང་མཐོང་ཆོས་སུ་ཡོད་པ་འདི་ལྟར་ལགས་ན། རང་རིགས་སེར་སྐྱ་རྒན་གཞོན་ཡོངས་ནས་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ཞིག་ཡིན། ཞེས་བཀོད་འདུག

ཆོས་རིག་བཀའ་བློན་མཆོག་གི་གསལ་བཤད་དེར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཡིག་ཐོག་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་སྦྲགས། སྤྱིར་གུས་བས་ཉེ་ཆར་བཤད་པའི་སྐད་ཆ་ཞིག་ མི་གཞན་གྱིས་བཅད་གཏུབ་མང་པོ་བྱས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་བཏང་ཡོད་ས་རེད་ལ། དེའི་སྐོར་དེ་རིང་ཞོགས་པ་གུས་པ་རང་ངོས་ནས་ཚོགས་ཐོག་ཏུ་གསལ་བཤད་ཆ་ཚང་བྱས་ཟིན་པ་ཟུར་དུ་ཕུལ་ཡོད། ༧སྐྱབས་ མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུས། རིས་མེད་ཀྱི་སྐྱེས་ཆེན་རྣམ་པས་ད་བར་དབང་ཆེན་གྱི་རིགས་དྲ་ལམ་ནས་བསྐུར་གནང་མཛད་ཀྱི་ཡོད་པ་མཇལ་མྱོང་མེད་ཀྱང་། མི་རིང་བར་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཐུགས་རྗེ་ཆེན་པོའི་དབང་ཆེན་སྟ་གོན་དང་དངོས་གཞི་གཉིས་ཀ་ཡོད་པ་ཞིག་སྩོལ་གནང་མཛད་འཆར་ཡོད་པའི་གསལ་བསྒྲགས་དེ་མཇལ་སོང་བས། མ་འོངས་པར་དབང་གནང་མཁན་ཐམས་ཅད་ཀྱིས་དེ་ལ་མིག་དཔེ་བལྟས་ནས་དེ་ལྟ་བུ་གནང་ཡོང་ན་རྒྱུད་སྡེ་ཁག་གི་དགོངས་དོན་དང་མཐུན་གྱི་མི་འདུག་བསམས་ནས་གུས་པས་བསམ་ཚུལ་དེ་བཤད་པ་ཡིན་པས། ད་ལན་འདིར་གསལ་བཤད་མང་པོ་ཞུ་དགོས་མ་མཆིས་པར། སྐུ་ཉིད་ཀྱིས་བཀའ་སློབ་ལམ་སྟོན་གང་ཕེབས་པ་ཚང་མར་མོས་མཐུན་དང་ལེན་ཞུ་ངེས་ཡིན། ཞེས་བཀོད་འདུག

ད་ལན་གྱི་གནས་ཚུལ་དེ་དང་འབྲེལ་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྙོག་གླེང་ཆེན་པོ་ཡོང་གིན་ཡོད་པ་མ་ཟད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེར་ངོ་རྒོལ་གྱི་རྩོམ་ཡིག་དང་གཏམ་བཤད་རིགས་མང་པོ་སྤེལ་གྱི་འདུག་ལ། ཆོས་རིག་བཀའ་བློན་མཆོག་ནས་ཁ་སང་སྤེལ་བའི་གསལ་བཤད་དེ་ཁོང་སྒེར་གྱི་དགོངས་ཚུལ་ཙམ་ཡིན་པ་ལས། བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་མིན་སྐོར་གསལ་བཤད་གནང་འདུག་པ་དེར། བོད་མི་མང་པོས་སྒེར་གྱི་དགོངས་ཚུལ་ཞིག་བཀའ་བློན་གྱི་གཞུང་འབྲེལ་ལས་ཤོག་སྟེང་སྤེལ་ན་སྒྲིག་འཛུགས་ལ་ཁྱད་གསོད་དང་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་དང་། ཆོས་རིག་བཀའ་བློན་མཆོག་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་ཡང་འདོན་གྱི་འདུག

སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པའི་ལོ་རྒྱུས་མཇལ་རྒྱུ་ཡོད་པའི་སྐོར་༧གོང་ས་མཆོག་ནས་དེ་སྔ་ནས་གསུངས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོར་གདན་དུ་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་གནང་སྐབས། ངས་དབང་དང་རྗེས་གནང་བྱེད་པའི་སྐབས་ལ་དྲ་རྒྱའི་ནང་ནས་ཡུལ་ལུང་མང་པོ་ལ་འགྲོ་བསྡད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས། དེ་རིང་འདི་ལ་ཡུལ་ལུང་འདྲ་མིན་ནས་དྲ་རྒྱའི་ནང་དོ་སྣང་བྱས་ཏེ་ཉན་སྡོད་མཁན་ཡོད་སྟབས། བླ་མའི་ངོས་ནས་མཐའ་གཅིག་ཏུ་ཕན་པའི་ཕན་སེམས་ཀྱི་འདུན་པའི་ཤུགས་དང་། དད་པ་ཅན་ཕྱོགས་དང་ཕྱོགས་སུ་འཁོད་སྡོད་མཁན་གྱི་མི་རིགས་དང་ཡུལ་ལུང་འདྲ་མིན་གྱི་ཁྱེད་རང་ཚོས་བསམ་བློ་འདུན་པ་རྩེ་གཅིག་པའི་ཐོག་ནས་ཉན་པ་ཡིན་ན། བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་ཁ་ཐུག་དེར་ཡང་། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཞེས་པ་ཞིག་གསུང་གི་ཡོད་པ་རེད། དགག་བྱ་ལྟ་བུ་ཡོད་པའི་རྐྱེན་གྱིས་བསྙེན་རྫོགས་སྒྲུབ་སར་ཡོང་མ་ཐུབ་པའི་གྲས་དེ་ལ་འཕྲིན་གྱི་སྒོ་ནས། དེ་དུས་ཁ་པར་ལྟ་བུ་མེད་སྟབས་ཅུང་འགོར་གྱི་ཡོད་པ་ལས། གང་ལྟར་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་རྒྱུ་དེ་འདྲ་ཡོང་གི་ཡོད་རེད། དེར་བརྟེན་དེ་རིང་ཁ་སང་གློག་འཕྲིན་གྱི་ཐོག་ནས་ས་ཆ་ཉེ་རྒྱང་མེད་པར་ཁྱབ་བསྡད་དུས། ཁྱེད་རང་ཚོ་ཕྱོགས་དང་མཚམས་སུ་འཁོད་སྡོད་མཁན་དད་པ་ཅན་ཚང་མར་དབང་དང་བྱིན་བརླབས་ཐོབ་ཀྱི་རེད། ངས་དེ་ལུགས་སྨོན་ལམ་བརྒྱབ་ཀྱི་ཡིན། གང་ལྟར་སྔར་བཅོམ་ལྡན་འདས་རང་ཉིད་ཞལ་བཞུགས་པའི་སྐབས་དེར་འདུལ་བའི་ལག་ལེན་ཏོག་ཙམ་ཞིབ་ཚགས་པོ་ཡོད་པ་རེད། དེ་ལའང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཆོག་པ་ཞིག་ཡིན་དུས། ད་རེས་འདིར་ཕལ་ཆེར་དག་སྣང་གི་ཆོས་འཁོར་རེད། དག་སྣང་གི་ཆོས་འཁོར་དེ་སྔགས་བླ་མེད་དང་འབྲེལ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོར་དབང་དང་བྱིན་བརླབས་དེ་ཚོའི་གྲས་དེ་ངེས་པར་དུ་ཐོབ་ཀྱི་རེད། དེ་ལུགས་བསམ་བློ་གཏོང་ཤོག་ཨང་། ཅེས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༢༧

Leave a Reply

6 thoughts on “སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བྱ་སྤྱོད་ལ་བློ་ཕམ་ཚད་མེད་བྱུང་བའི་གསལ་བསྒྲགས་གནང་འདུག

  1. རིག་གནས་གསར་བརྗེའི་ལིང་དགག་དང་ཁུང་དགག་གི་ཆབ་སྲིད་ལས་འགུལ་དེ་འདྲ་བཙན་བྱོལ་དམངས་གཙོའི་སྤྱི་ཚོགས་ནང་ཚུགས་འདུག མོའི་བྱིན་རླབས་འཇུག་པའི་རྟགས་མཚན་གསལ་པོ་འདུག བན་དེ་སྐྱ་མིན་སེར་མིན་དང་སྲིད་དོན་སྐབས་འཚོལ་རིང་ལུགས་པས་བཙན་བྱོལ་སྤྱི་ཚོགས་དེ་ཐུག་པ་དཀྲུགས་དཀྲུགས་དཀྲུགས་ནས་རྒྱ་གཞུང་གི་མངོན་འདོད་སྒྲུབ་བཞིན་འདུག་གོ

  2. བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་བཀའ་ཤག་ལྷན་ཁང་དང་། སྤྱི་འཐུས་ཚོགས་གཙོ། རྒྱལ་ཁབ་དང་ས་གནས་སོ་སོར་གནས་བཞུགས་སྐུ་ཚབ་དོན་གཅོད་བཅས་ལ།

    ཞུ་གསོལ།

    མི་ལོ་ཧྲིལ་བོ་ཉེར་གཅིག་གི་རིང་ལ་ ༧ གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལས་བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བ་རོལ་མཁན་ཞིག་གི་ངོས་ནས་བཤད་ན་ ༧ གོང་ས་མཆོག་གི་བཀའ་དྲིན་དང་རླབས་ཆེན་གྱི་མཛད་པ་རྣམས་རེ་རེ་བཞིན་ངོ་སྤྲོད་ཞུ་མི་དགོས་ཤིང་། ཡ་ཁོག་ན་སྙིང་དང་། ཡ་ཐོད་ན་མིག་ཡོད་མཁན་ཞིག་ཡིན་ཕྱིན་ ༧ གོང་ས་མཆོག་གི་བཀའ་དྲིན་དེ་ལུས་དང་གྲིབ་མ་བཞིན་འབྲལ་ཐབས་མེད། དེས་ན་རང་ཉིད་ཀྱིས་གང་འཇོན་པ་དང་གང་བྱེད་ཐུབ་པ་དེས་ཁོང་གི་མཛད་པ་ལ་བར་ཆད་ཞིག་དང་ཐུགས་ཕམ་ཡོང་གཞི་ཞིག་ཏུ་མ་སོང་ན་དེས་ཆོག་སྙམ་པ་ཙམ་ལས་གཞན་ཅི་ཡང་མི་ཤེས་མཁན་ཞིག་ཡིན། དེའི་ཕྱིར་ད་བར་དུ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་རྙོག་དྲ་མང་པོ་ཞིག་ལ་རྣ་བ་གཏད་མ་མྱོང་ལ། གོ་ཡང་མ་གོ་ཁུལ་གྱིས་བསྡད་པ་ཡིན། རྒྱུ་མཚན་ནི་ང་ཚོར་ཆོས་ཕྱོགས་ནས་བཤད་ན་བླ་སྤྲུལ་མཁན་པོ། དགེ་བཤེས། དགེ་བསྐོས་སོགས་ཧ་ཅང་མང་ལ། སྲིད་ཕྱོགས་ནས་བཤད་ན་སྲིད་སྐྱོང་དང་། བཀའ་ཤག སྤྱི་འཐུས་སོགས་དེ་བས་ཀྱང་མང་བས་འདི་འདྲའི་ཐབས་སྐྱོ་བོ་ཞིག་ཆགས་ཡོང་སྙམ་པའི་དོགས་པ་ཡེ་ནས་མེད། དེའི་ཕྱིར་ད་བར་དུ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་བསམ་ཚུལ་ཅི་ཡང་བཤད་མྱོང་མེད་ལ་བཤད་འདོད་ཀྱང་མི་འདུག ཕྱོགས་གཞན་ཞིག་ནས་བཤད་ན་གལ་སྲིད་འདིས་རིགས་ལ་ཡིག་ནོར་གྱིས་གང་བའི་བསམ་ཚུལ་རེ་བྲིས་ན་ཕན་ལས་གནོད་ཆེ་བར་སྙམ་ནས་བྲི་བར་ངལ་བ་ཡང་བྱས་མྱོང་མེད།
    ཡིན་ན་ཡང་ལོ་ཤས་འདིའི་ནང་ཆོས་སྲིད་གཉིས་ཐད་ནས་ ༧ གོང་ས་མཆོག་གི་སྐུ་ཚེ་ཧྲིལ་བོར་སུས་ཀྱང་སྒྲུབ་མི་ཐུབ་པའི་རླབས་ཆེན་གྱི་མཛད་པ་དག་ལ་ཕྱར་བ་གྲུ་འདེགས་བྱེད་རྒྱུ་ཕར་ཞོག བོད་མི་རིགས་ཀྱི་བདེ་སྡུག་ལ་བསམ་ཤེས་བྱེད་རྒྱུ་ཕར་ཞོག ཐ་ན་དུད་འགྲོ་ཞིག་ཡིན་ན་ཡང་བཟང་དང་ངན། དགྲ་དང་གཉེན་ངོ་ཤེས་མོད། འོན་ཀྱང་དེ་ལས་ཀྱང་སྐྱོ་བའི་མི་ངན་ཐ་ཤལ་བ་རེ་ཟུང་གིས་རང་དབང་ལུང་བའི་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ཏེ་ ༧ གོང་ས་མཆོག་ཆབ་སྲིད་ཀྱི་ནག་ཉེས་ཅན་དུ་སྒྲུབ་མྱོང་ཡོད། སྐབས་དེར་ང་ཚོར་ཆབ་སྲིད་ཀྱི་ལས་ཀྱི་སྣེ་མོ་བའི་སྒྲོམ་གཞི་ཆ་ཚང་བ་ཞིག་ཡོད་སྟབས་སྲིད་སྐྱོང་གཙོས་ཆབ་སྲིད་ཀྱི་མི་སྣ་དེ་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་དེ་དག་ལ་ལན་འདེབས་གསལ་བཤད་ཀྱིས་དཀར་ནག་དབྱེ་འབྱེད་བྱེད་རྒྱུར་རེ་སྒུག་བྱས་ཀྱང་གོ་མེད་ཚོར་མེད་དུ་བཞག་པ་དེས་མི་ངན་དེའི་རིགས་མང་ནས་མང་དུ་འགྲོ་བཞིན་པ་དེར་ཁྱེད་ཅག་གོང་ནས་བཞུགས་མཁན་དག་ལ་བློ་ཕམ་དང་སེམས་འཚབ་མེད་ཀྱང་ང་ཚོ་གཤམ་ནས་འདུག་མཁན་ཚོས་མ་གཟོད་པར་བསྡད་ཡོད་པ་ཁྱེད་ཚོས་ད་དུང་ཤེས་ཀྱི་མི་འདུག་གམ།
    ལྷག་པར་དུ་ད་རེས་ཨ་ཆད་ཨུ་ཐུག་ནས་དོན་ཚན་ཁ་ཤས་ཞུ་རྒྱུ་ཡིན།
    ༡༽ བླ་མའི་མིང་ཁུར་མཁན་ཞིག་གི་ངོས་ནས་རང་གི་བླ་མར་སྐུར་འདེབས་དང་ལོག་སྨྲས་བྱས་ན་ད་དུང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་ལས་ཤོག་དང་ཐམ་ཀ་བེད་སྤྱོད་བྱས་ཏེ་ཁོ་ལ་རྒྱབ་སྐྱོར་ལྟ་བུའི་ཡིག་ཆ་རེ་ངོ་དེབ་དང་དྲ་ཐོག་ཏུ་བཀྲམ་པ་དེ་དོན་དག་ཆུང་ཆུང་ཞིག་རེད་དམ། ༢༽ དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ལ་བཀའ་ཤག་ལྷན་ཁང་ནས་ཀྱང་བློ་ཕམ་ཡོད་ལུགས་ཙམ་ལས་གནད་ལ་འཁེལ་བའི་ལན་འདེབས་ཤིག་མ་བྱས་པ་དེས་ད་བར་དུ་ང་ཚོས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་དག་ལ་སྔར་ཡིད་ཆེས་བློ་འགེལ་བྱས་པ་དེ་ནོར་ཡོད་པ་དང་། རྗེས་ཕྱོགས་ཡིད་ཆེས་བློ་འགེལ་བྱེད་ས་ཙམ་ཡང་མི་ཉན་པ་གསལ་བོར་བསྟན་པ་མ་ཡིན་ནམ།
    ༣༽ ཁྱེད་ཚོས་བཅའ་ཁྲིམས་རིན་པོ་ཆེར་བརྩི་སྲུང་དང་མཐོང་ཆེན་བྱེད་ཀྱི་ཡོད་དམ། ཡོད་ན་བཅའ་ཁྲིམས་རིན་པོ་ཆེའི་དབུར་འཁོད་པའི་ཡིག་འབྲུ་རེ་རེ་མིག་ལ་མ་ཐོག་པའི་རྒྱུ་མཚན་ཅི་རེད།
    ༤༽ དུས་རྒྱུན་ཁྱེད་ཚོའི་ངག་ལམ་ན་བྱང་ཆ་ཡོད་པའི་ཚིག་འབྲུ་སྟེ༼ ༧ སྤྱི་ནོར་ ༧ གོང་ས་སྐྱབས་ཆེན་པོ་མཆོག་༽ དང་༼བོད་མི་ས་ཡ་དྲུག༽ ༼རང་སྲོག་ལོས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ༽༼གཞིས་ལུས་རྒྱ་ཆེའི་མི་མང་༽ སོགས་ད་བར་དུ་ཚིག་འབྲུ་སྙན་མོ་ཏག་ཏག་ཁ་ལ་འཁྱེར་ཏེ་དོན་གྱིས་ད་བར་དུ་ཆབ་སྲིད་དང་། ཆོལ་ཁ། ཆོས་ལུགས་འཐེན་འཁྱེར་གྱི་རྙོག་དྲ་ག་ཚོད་བཟོས་སོང་། ཐ་ན་ཁྲིམས་ཁང་ཡན་ཆད་ལ་འགྲོ་དགོས་བྱུང་བ་དེས་གནས་ལུགས་མང་དག་ཅིག་རྟོགས་ཐུབ་མ་སོང་ངམ། ཡིན་ན་ཡང་རྙོག་དྲ་དེའི་རིགས་གང་ཡོད་ལ་གུས་པས་ལག་པ་འཆང་མྱོང་མེད། འོན་ཀྱང་ད་རེས་ཁྱེད་ཚོའི་བྱེད་སྟངས་འདིས་བདག་དང་བདག་འདྲ་བའི་ཅི་ཡང་མི་ཤེས་མཁན་ཚོར་ཡང་སྡོད་དུ་མ་བཅུག་པ་དེ་ཤེས་རན་རེད།
    ད་བར་དུ་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་དུ་བསྒྱུར་བར་དོགས་ནས་ཅི་ཡང་བཤད་མེད་ལ་ཅི་ཡང་བྲིས་མེད། འབྲི་ཡང་མི་ཤེས། ཡིན་ན་ཡང་ཉོམ་ཆུང་ཞིག་ཨུ་ཚུགས་ཀྱིས་སྒུལ་སོང་།
    འབྲི་དགོས་བའི་དོན་དག་མང་པོ་མང་པོ་ཞིག་འདུག་ཀྱང་། དེ་དག་ཚང་མ་འབྲི་བའི་ངལ་བ་བྱེད་ཀྱི་མིན།
    གུས་པའི་ཞུ་སྙིང་ནི་ད་རེས་ཀྱི་བླ་མའི་མིང་ཁུར་བའི་བྱ་སྤྱོད་འདི་ལ། དུས་རྒྱུན་ཆབ་སྲིད་ལ་དོ་སྣང་མི་བྱེད་ཟེར་མཁན་གྱི་བླ་སྤྲུལ་མཁན་པོ་རྣམས་གཡོལ་ཐབས་གཏན་ནས་མེད་ལ་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་དོན་དམ་པའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཤིག་དང་ ༧ གོང་ས་མཆོག་ལ་དད་པ་ངོ་མ་ཞིག་ཡོད་ན་ད་རེས་དེ་ལ་ངན་པ་རྒྱ་ཡན་དུ་མ་སོང་བ་ཞིག་ངེས་པར་དུ་བྱེད་དགོས། ལྷག་པར་དུ་སྲིད་སྐྱོང་གཙོས་བཀའ་ཤག་དང་། དམིགས་བསལ་ཆོས་རིག་བཀའ་བློན་ནས་མི་མང་གི་འདོད་བློ་ཁེངས་པའི་གསལ་བཤད་བྱེད་དགོས་ཡོད། དེ་མི་ཐུབ་ན་རྩ་དགོངས་ཞུས་ན་རེད། དེར་མ་ཟད་སྤྱི་འཐུས་ཚོགས་གཙོ་གཙོས་སྤྱི་འཐུས་རྣམ་པ་དང་། འབྲེལ་ཡོད་ལྷན་ཁང་ཁག རྒྱལ་ཁབ་དང་ས་གནས་སོ་སོར་གནས་བཞུགས་སྐུ་ཚབ་དོན་གཅོད་སོགས་མདོར་ན་སྤྱི་སྒེར་ཀུན་གྱིས་ངན་པ་ལངས་ཤོར་བྱེད་དུ་འཇུག་མི་རུང་བ་ཤེས་པར་གྱིས། གལ་སྲིད་དེ་ལྟར་བྱེད་མི་ཐུབ་ཚེ་རང་རང་ས་ནས་རང་གི་ལངས་ཕྱོགས་གསལ་བོ་བཟོ་དགོས་བ་ལས་ད་རུང་མུ་མཐུད་དུ་མི་མང་ལ་མགོ་སྐོར་བཏང་སྟེ་གཏམ་བཤད་བྱེད་ཐེངས་རེར་རྒྱ་མིའི་ཉུལ་མ་ཟེར་ནས་འཛུབ་མོ་གཞན་ལ་འཛུགས་རྐྱང་བྱེད་མི་ཉན་པ་དེ་ཤེས་པར་གྱིས། མི་མང་གིས་ཁྱེད་ཅག་གོང་ནས་འདུག་མཁན་ཚོའི་དགེ་སྐྱོན་གྱི་དབྱེ་བ་མ་ཤེས་པ་མིན་ལ། དེ་དག་འབྲི་མ་ཤེས་པའང་མིན། འོན་ཀྱང་ད་བར་ཆིག་སྒྲིལ་ལ་གནོད་པར་དོགས་ནས་ད་བར་དུ་ཅི་ཡང་བཤད་མེད་པས་རང་རང་གི་ལས་འགན་ཁུར་ཐུབ་པ་གནང་རོགས།

    ཧྥ་རན་སིར་གནས་སྡོད་རེབ་ཚ་བརྩོན་འགྲུས་ཀྱིས།
    ཁ་པར་ཨང་གྲངས། 0753337699
    ཁ་བྱང་།
    25 rue des Renaudes
    TSA 45555
    75017 PARIS France

  3. བན་སྡེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། ཞེས་གསུངས་པ་ལྟར་སྐྱ་མིན་སེར་མིན་སངས་རྒྱས་བསྟན་པའི་དགྲ་བོ་ངོ་མ་ནི་ཨྱོན་སྟོབས་རྒྱས་དང་། བོང་རྒན་སྐྱ་མིན་སེར་མིན་ཆོས་རིག་བཀའ་བློན་གཉིས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལའང་བློ་ཕམ་ཡང་ཚད་ལས་བརྒལ་བ་བྱུང་། རང་རྒྱུད་ལ་སྡོམ་པ་མེད། རང་ཁོག་ལ་ཆོས་ཀྱི་སློབ་སྦྱོང་མེད་པའི་བོང་རྒན་མགོ་རིལ་རྒྱུད་སྡེ་དང་དབང་ལུང་མན་ངག་བསྐོར་བཤད་མ་བསྡོད། ཁུང་ལུང་གང་ཡང་མིན་འདུག་ཞེས་རྒྱུ་ཡིན།།

  4. བསོད་ནམས་རྒྱལ་མཚལ།

    མ་ཞི་ནས་་་ གཡུ་ཐོག་སྐར་མ་དགེ་ལེགས་ གྲྭ་ས་ག་པ་ཁུངས་ལ་རེད་ ? ཅོ་ཨོ་རྒྱན་སྟོབས་རྒྱལ་དང་ བསོད་ནམས་སྟོབ་རྒྱལ། སྐར་མ་ཆོས་འཕེལ་ ཁོང་བུ་སྤུན་གསུམ་་་ སྔ་མོ་ནས་སྤྱི་འཐུས་བསྟན་ཤིག་གྲལ་རེད། 😂 😂 😂 😅