ཆོས་རིག་བཀའ་བློན་མཆོག་ནས་བཟོད་གསོལ་ཞུས།

སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང་འབྲེལ་བའི་གསལ་བཤད་དེར་ཆོས་རིག་བཀའ་བློན་མཆོག་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཟོད་གསོལ་ཞུ་བ་དང་བཀའ་བློན་ལས་གནས་ནས་དགོངས་པ་ཞུ་དགོས་ཀྱང་ཞུ་རྒྱུ་ཡིན་སྐོར་གསུངས་འདུག

དེ་རིང་ཕྱི་ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་མཆོག་ནས་ཨོ་རྒྱན་སྟོབས་རྒྱལ་དང་འབྲེལ་བའི་གནས་ཚུལ་ཐད་བཟོད་གསོལ་དང་གསལ་བཤད་གནང་འདུག་པ་དང་། དེའི་ནང་། ཆ་རྐྱེན་གང་ཡང་མེད་པར་སྙིང་ནས་རང་རིགས་སྤུན་ཟླ་ཡོངས་ལ་བཟོད་གསོལ་ཞུ་རྒྱུ་དང༌། དེའི་སླད་རང་ཉིད་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱ་དགོས་གྱུར་ཀྱང་ངེས་པར་བྱ་རྒྱུ་ཡིན་སྐོར་དང་། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་སྐྱོབ་ཐབས་དང་དག་འབུད་བྱེད་ཐབས་ཀྱི་བསམ་སྦྱོར་ལྟ་ཅི་ཀུན་སློང་ཙམ་ཡང་བྱུང་མེད་སྐོར་གསུངས་འདུག

བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་བཟོད་གསོལ་དང་གསལ་བཤད་ཡི་གེ་དེའི་ནང་། མཚུངས་མེད་རང་རིགས་སྤུན་ཟླ་ཡོངས་ལ་བཟོད་གསོལ་དང་སྦྲགས་སླར་ཡང་གསལ་བཤད་ཐུང་ཙམ་ཞུ་རྒྱུར། ཉེ་ཆར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཚབས་ཆེའི་མཚན་སྨད་ཞུས་པར། ཕྲན་ནས་སྐབས་འབྲེལ་གླེང་གཞི་ཆོས་ཕྱོགས་ཀྱི་གནད་དོན་དེའི་ཐོག་བྲེལ་སྟབས་ཀྱིས་གསལ་བཤད་དོན་ཚན་གསུམ་ཅན་ཞིག་སྤེལ་ཡོད་པ་དང༌། དེའི་དོན་ཚན་ཕྱི་མ་གཉིས་གསལ་བཤད་དངོས་དང༌། དོན་ཚན་དང་པོ་སྔོན་གླེང་མཚམས་སྦྱོར་གྱི་ཚུལ་དུ་བཀོད་ཡོད། གསལ་བཤད་གཟིགས་མཁན་ཕལ་མོ་ཆེས་དོན་ཚན་དང་པོ་དེའི་ཐོག་དགོངས་ཚོར་ཆེན་པོ་བྱུང་ཡོད་ཚོད་འདུག་ཅིང་། དེར་ད་ལྟ་ཞིབ་བལྟས་སྐབས་དགོངས་ཚོར་བྱུང་བར་ཐུགས་ཁག་གཏན་ནས་བྱུང་མི་འདུག་པས། ཆ་རྐྱེན་གང་ཡང་མེད་པར་སྙིང་ནས་བཟོད་གསོལ་ཞུ་རྒྱུ་དང༌།   དེའི་སླད་རང་ཉིད་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱ་དགོས་གྱུར་ཀྱང་ངེས་པར་བྱ་རྒྱུ་ཡིན། ཞེས་གསུངས་འདུག

ཆོས་རིག་བཀའ་བློན་མཆོག་གིས་གསུངས་པ་ལྟར་ན། བར་ལམ་ནས་ཁོང་ཉིད་ལ་རླུང་ཁྲག་འཐབ་པའི་ནད་ཀྱིས་མནར་ཏེ་འཕྲོད་བསྟེན་ངལ་གསོའི་ངང་བསྡད་ཡོད་པ་དང་། དེ་ལ་བརྟེན་ནས་དྲྭ་ལམ་གྱི་བསམ་མཆན་ཁག་ལ་ལྟ་ཀློག་མ་ཐུབ་པ་མ་ཟད། ཁ་སང་ཕྱི་དྲོ་ནས་བཟུང་ཞལ་པར་མང་པོ་ཞིག་འབྱོར་བཞིན་ཡོད་པ་ལའང་ལན་འདེབས་ཞུ་ཐུབ་མ་སོང་བར་དགོངས་སེལ་ཞུས་འདུག

ཆོས་རིག་བཀའ་བློན་མཆོག་ནས་ཕྱི་ཚེས་ ༢༦ ཉིན་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་གསལ་བཤད་གནང་པའི་ཡི་གེ་དེ་དང་འབྲེལ་དེ་རིང་གསལ་བཤད་དོན་ཚན་གསུམ་སྤེལ་ཡོད་པའི་ནང་། སྐབས་དེར་བྲེལ་འཚུབ་སོགས་ཀྱི་དབང་གིས་དགོས་ངེས་བསམ་ཞིབ་མ་ཐུབ་པར་སྤྱིར་བཏང་འགྲོ་ལུགས་ལྟར་ཤོར་འདུག་པ་དང༌། རང་ཉིད་ལ་རླུང་རྟ་རྒུད་པའི་བར་ཆད་ཀྱི་ཆོ་འཕྲུལ་བྱུང་བ་ལྟ་བུ་ཞིག་ཏུ་ཚོར་བཞིན་ཡོད་སྐོར་དང་། དོན་ཚན་གཉིས་པའི་ནང་མཚན་སྨད་ཞུས་པའི་གནད་དོན་ཐོག་བཀའ་ཤག་ནས་ལན་འདེབས་ཟུར་དུ་གནང་བཞེད་ཡོད་པ་དང༌། ཕ་རོལ་གྱི་གང་ཟག་དེའང་གལ་ཆེའི་ཆོས་བརྒྱུད་ཅིག་གི་བླ་མ་རྒན་གྲས་ཤིག་ཡིན་པ། ཁྲོ་བའི་ལན་དུ་ཁྲོ་བ་དང་ཚིག་རྩུབ་ཀྱི་ལན་དུ་ཚིག་རྩུབ་བྱ་མི་རུང་བའི་བསླབ་བྱ་ཉམས་བསྟར་ཞུས་ཁུལ་བྱས་པ། གང་ཟག་དེ་ཉིད་སྤྱིར་སྤྱི་ཚོགས་ཁྲོད་དང་བྱེ་བྲག་བཞུགས་སྒར་ཁུལ་དུ་སེམས་ལ་གང་དྲན་ཐད་ཀར་བརྗོད་མཁན་ཞིག་ཡིན་པ་ཡོངས་གྲགས་ལྟ་བུ་ཡིན་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས། བཀྱོན་བསྡིགས་ཀྱི་ཚིག་རྩུབ་རིགས་མ་ཤོར་བ་བྱས་ཡོད་སྐོར་བཀོད་འདུག

དེ་བཞིན་གསལ་བཤད་དོན་གསུམ་པའི་ནང་། ཀླན་ཀ་དང་དོགས་པ་ནི་མཚན་སྨད་ཞུ་མཁན་གང་ཟག་དེ་ལ་ཕྲན་ནས་སྐྱོབ་ཐབས་དང་དག་འབུད་བྱེད་ཐབས་བྱས་པ་ལྟ་བུར་མཐོང་བ་དེ་ཡིན་ཚོད་འདུག་ཀྱང་། དེ་ལ་བདེན་པའི་གཞི་རྩ་གཏན་ནས་མེད་པ་ནི། ཕྲན་ནས་ཁོང་ངོ་ཤེས་ཙམ་ལས་ཕན་ཚུན་དབར་བཟང་ངན་གྱི་འབྲེལ་བ་གང་ཡང་མེད་པ་མ་ཟད། འདས་པའི་ལོ་ ༣༠ ལྷག་ཙམ་ནང་ཚོགས་འདུ་སོགས་སུ་ངོ་འཕྲད་ཐེངས་འགའ་རེ་ཙམ་དང༌། དེ་དག་སྐབས་སུ་འཚམས་འདྲི་ལྟ་བུའི་བརྗོད་ཚིག་རེ་ཟུང་གླེང་རེས་བྱུང་ཡོད་ན་མ་གཏོགས་སྤྱིར་བཏང་སྐད་ཆ་བཤད་རེས་ཙམ་ཡང་བྱས་མྱོང་མེད་པ་དངོས་བདེན་ཡིན་པས། ཕྲན་ནས་ཁོང་སྐྱོབ་ཐབས་དང་དག་འབུད་བྱེད་ཐབས་བྱ་རྒྱུའི་བསམ་སྦྱོར་ལྟ་ཅི་ཀུན་སློང་ཙམ་བྱུང་མེད་པ་མཆོག་གསུམ་དང་ལས་འབྲས་དཔང་འཕེར་ཡིན་ན། དེ་ཐད་ཐུགས་དོགས་རྩ་བ་ནས་མ་གནང་རོགས་ཞེས་ཞུ་བསྐུལ་ནན་པོ་ཞུ་རྒྱུ། ཞེས་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༢༨

Leave a Reply

6 thoughts on “ཆོས་རིག་བཀའ་བློན་མཆོག་ནས་བཟོད་གསོལ་ཞུས།

  1. ཆོས་རིག་བཀའ་བློན་ནི་ཆོས་ཀྱི་བློན་པོ་དངོས་གནས་དེ་ཡིན་པ་དེ་གསལ་པོ་བྱུང་སོང།
    ཨོ་སྟོབས་ལའང་ཐུགས་ྩེ་བས་སྐྱོང་གནང་བཛད།
    ཁོང་ནི་ག་རེ་བཤད་ནའང་ངོས་ལེན་དང་སྐྱོན་མེད་བཞིན་དུ་བཟོད་གསོལ་ཞུ།
    ལས་སྣེ་ནས་དགོང་པ་ཞུ་དགོས་ནའང་ཞུ་འཐུས་གསུངས་པ་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ན་
    ལས་མ་མཆིས་པ་འདི་ནི་གོང་ས་ཡིད་བཞིན་ནོར་བུ་ལ་སློབ་ལ་འདི་ལྟ་བུ་འི་ཆེས་དཀོན།
    དགའ་བའི་རྗེས་སུ་ཡི་རང་ངོ་། གུས་ཀུན་རྡོར་ནས་གུ་བཏུད་བཅས་ཕུལ།

  2. བསྟན་འཛིན།

    སྙིང་པོ་མེད་པའི་བོད་པ་ནང་ཁུལ་དུ་རྡུང་རེས་བྱེད་པའི་གཏམ་རྒྱུད། སྡེ་པ་གཞུང་ཟེར་ནའང་འདི་ལས་སྡུག་ཙམ་ཅི་ཡོད།