ཧོང་ཀོང་གི་ཁྲིམས་གསར་ལ་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད་སྐོར་བསྒྲགས།

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བཙན་གནོན་སྟངས་འཛིན་གྱི་ཆེད་དུ་བཟོས་པའི་ཁྲིམས་འཆར་གསར་པ་དེར་དམངས་ཆེན་འཐུས་མི་ཚོས་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད་ལུགས་བརྗོད་འདུག དེ་རིང་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཉིན་མཐའ་མའི་སྟེང་ཧོང་ཀོང་གི་བདེ་སྲུང་ཁྲིམས་འཆར་ཟེར་བ་དེར་འོས་ཤོག་གི་རྣམ་པ་བརྒྱུད་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད་པ་མ་ཟད། རྒྱལ་ཡོངས་འཐུས་མི་ ༢༨༨༥ ཚོགས་ཞུགས་བྱས་ཡོད་པའི་ཁྲོད་ནས་མོས་མཐུན་མེད་མཁན་གཅིག་དང་བར་གནས་དྲུག་བྱུང་ཡོད་སྐོར་བསྒྲགས་འདུག་ལ། ཁྲིམས་འཆར་གསར་པ་དེར་རྒྱབ་སྐྱོར་ཐོབ་རྗེས། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་ཁེ་རི་ལེམ་གྱིས་དགའ་བསུ་ཞུས་པ་དང་སྦྲགས། ཧོང་ཀོང་གཞུང་ལ་ཁྲིམས་འཛིན་འོས་འགན་ཡོད་པ་ལྟར་དོ་དགོང་རང་ལ་ཧོང་ཀོང་བདེ་སྲུང་ཁྲིམས་ཡིག་ཟེར་བ་དེའི་ཁྲིམས་འཛིན་བྱ་བ་འགྲུབ་པ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

རྒྱ་ནག་གཞུང་གིས་བཟོས་པའི་ཧོང་ཀོང་གི་བདེ་སྲུང་ཁྲིམས་འཆར་ཟེར་བ་དེ་ནི་གཙོ་བོ་སྲིད་གཞུང་མགོ་རྟིང་སློག་པ་དང་། འཇིགས་སྐུལ་དྲག་སྤྱོད། ཕྱིའི་ཤུགས་རྐྱེན་བཅས་བཀག་བསྡོམས་ཆེད་བཟོས་པ་ཞིག་ཡིན་སྐོར་དང་། དེ་ཡང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་བཟོས་པ་ཞིག་ཡིན་སྐོར་བརྗོད་ཡོད་ཀྱང་། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གྲགས་ཅན་མར་ཊིན་ལི་ (Martin Lee) གཙོས་པའི་དམངས་གཙོ་དོན་གཉེར་བ་མང་པོས། རྒྱ་ནག་གིས་ཕྱི་འབྲེལ་དང་རྒྱལ་སྲུང་ཐད་ཀྱི་ཁྲིམས་ཡིག་མ་གཏོགས་གནད་དོན་གཞན་ཐོག་ཐེ་བྱུས་བྱ་རྒྱུའི་དབང་ཆ་མེད་སྐོར་དང་། ད་ཐེངས་ཀྱི་ཁྲིམས་ཡིག་དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་རྩ་མེད་གཏོང་རྒྱུའི་ངན་བྱུས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

ཉེ་ཆར་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་བདེ་སྲུང་ཁྲིམས་འཆར་ཟེར་བ་ཞིག་ངོ་སྤྲོད་བྱས་ཏེ་ཧོང་ཀོང་ནང་བསྐྱར་དུ་ངོ་རྒོལ་ཟིང་འཁྲུག་བསླངས་ཡོད་པ་དང་། རྒྱལ་སྤྱིའི་གཞུང་ཁག་ནས་ཀྱང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་རིམ་པ་གནང་ཡོད་ལ། ཁ་སང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ (Mike Pompeo) མཆོག་གིས།  ཞིབ་འཇུག་དུས་ཡུན་རིང་གནས་སྟངས་ལ་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། དེ་རིང་ངས་གྲོས་ཚོགས་ལ་ཨ་རིའི་ངོས་ནས་ད་ལྟའི་ཧོང་ཀོང་དེ་ཕྱི་ལོ་ ༡༩༩༧ ཟླ་ ༧ པའི་ཡར་སྔོན་གྱི་ཧོང་ཀོང་དང་འདྲ་བར་ངོས་འཛིན་བྱ་རྒྱུ་མེད་སྐོར་སྙན་གསེང་ཞུས་ཡོད། ད་ལྟའི་ཆར་བསམ་བློ་ལྡན་པའི་མི་གཅིག་གིས་ཀྱང་དངོས་ཡོད་གནས་ལུགས་ལ་གཞིར་བཞག་ཐོག ཧོང་ཀོང་དེ་ཚད་མཐོའི་རང་སྐྱོང་གི་གནས་བབ་ནང་མུ་མཐུད་གནས་ཡོད་པར་འདོད་ཐུབ་ཐབས་མེད། ཅེས་དང་། རྒྱ་ནག་གིས་བཏོན་པའི་ཧོང་ཀོང་གི་བདེ་སྲུང་ཁྲིམས་འཆར་ཟེར་བ་དེས་གཞི་རྩའི་ཐོག་ནས་ཧོང་ཀོང་གི་རང་སྐྱོང་དང་རང་དབང་ལ་དོ་ཕོག་གཏོང་གི་ཡོད་པ་རེད། མཐའ་མཇུག་དེར་རྒྱ་ནག་གིས་ཧོང་ཀོང་དེ་རང་ཉིད་ལྟ་བུ་ཞིག་ཏུ་བསྒྱུར་འདོད་པ་མངོན་གསལ་རེད། ཅེས་བསྒྲགས་འདུགཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་གི་ཆར྄་གདུགས་གསར་བརྗེའི་སྣེ་འཁྲིད་པ་ན་གཞོན་དམངས་གཙོ་དོན་གཉེར་བ་ཇོ་ཧྲུ་ཝང་གིས། རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ལྟར་ཨ་རི་དང་ཡུ་རོབ། ཨེ་ཤ་ཡའི་མགོ་འཁྲིད་ཚོས་ཀྱང་རྒྱ་ནག་གིས་བདེ་སྲུང་ཁྲིམས་ཡིག་ཟེར་བ་དེ་གཏན་འབེབ་བྱས་ཚེ། ཧོང་ཀོང་གི་དམིགས་བསལ་ཚོང་འབྲེལ་གནས་བབ་ལ་བསྐྱར་ཞིབ་བྱ་དགོས་སྐོར་དང་། གལ་ཏེ་རྒྱ་ནག་གིས་ཁྲིམས་གཞི་དེ་གཏན་འབེབ་བྱས་ཚེ། ཧོང་ཀོང་གི་ཁྲིམས་ཀྱི་དབང་བསྒྱུར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་གཉིས་ཀ་རྒྱ་ནག་གི་སྒེར་གཅོད་སྲིད་གཞུང་ནང་འཐིམ་ཉེན་ཡོད་སྐོར་བརྗོད་དེ་ཉེན་བརྡ་བཏང་ཡོད་འདུག

སྤྱིར་འདས་ལོར་ཨ་རིའི་གྲོས་ཚོགས་ཀྱི་གཏན་འབེབ་འོག་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཁྲིམས་ཡིག་ཏུ་མཚན་རྟགས་བཀོད་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་དེའི་དགོངས་དོན་གཞིར་བཟུང་། ཨ་རིའི་འཛིན་སྐྱོང་ངོས་ནས་ལོ་ལྟར་ཧོང་ཀོང་རང་སྐྱོང་གི་གནས་བབ་ལ་དཔྱད་ཞིབ་བརྒྱུད་གྲོས་ཚོགས་ལ་སྙན་གསེང་ཞུ་དགོས་པ་དང་། གལ་སྟེ་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་མེད་ཚེ། ཨ་རིའི་ཕྱི་ལོ་ ༡༩༩༧ ཡར་སྔོན་ནས་ཧོང་ཀོང་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་ལོགས་སུ་བཀར་ཏེ། རྒྱལ་སྤྱིའི་ཚོང་འབྲེལ་ལྟེ་གནས་ཀྱི་དམིགས་བསལ་གནས་བབ་སྤྲད་ཡོད་པ་དེ་ཕྱིར་འཐེན་བྱེད་དགོས་པར་འཁོད་ཡོད། ད་སྔའི་བར་ཧོང་ཀོང་གི་དམིགས་བསལ་ཚོང་དོན་གནས་བབ་ཀྱི་རྐྱེན་པས། ཨ་རིས་རྒྱ་ནག་ཐོག་བཀལ་བའི་ཚོང་དོན་ཉེས་ཆད་རིགས་ཧོང་ཀོང་ལ་ཁྱབ་ཀྱི་མེད་པ་རེད། ད་ཐེངས་རྒྱ་ནག་གཞུང་གིས་བཏོན་པའི་ཧོང་ཀོང་གི་བདེ་སྲུང་ཁྲིམས་འཆར་དེར་རྒྱལ་སྤྱིའི་ཚོགས་སྡེ་དང་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པའི་ཐོག ཨ་རིའི་སྲིད་འཛིན་དང་རྒྱལ་སྲིད་དྲུང་ཆེ་པོམ་པིའོ་མཆོག་ནས་ཀྱང་རྒྱ་ནག་གིས་ཁྲིམས་འཆར་དེ་གཏན་འབེབ་མི་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།

ཐེངས་འདིའི་ཨ་རིའི་གཞུང་གི་ཐག་གཅོད་དེས་ཨ་རི་དང་ཧོང་ཀོང་ལ་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་དོན་གྱོང་གུད་ཕོག་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་བཟོ་ཚོང་ཁང་ཆེ་གྲས་ཁག་གིས་དཔལ་འབྱོར་ཉེས་ཆད་ལ་གཡོལ་ཐབས་སུ། ཧོང་ཀོང་དེ་རྒྱལ་སྤྱིའི་ཚོང་འགྲེམ་རྟེན་གཞི་རུ་བཀོལ་སྤྱོད་བྱེད་ཀྱི་ཡོད་སྟབས། དེས་རང་ཤུགས་ཀྱིས་རྒྱ་ནག་ལའང་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་གིས་གལ་ཏེ་རྒྱ་ནག་གིས་བདེ་སྲུང་ཁྲིམས་འཆར་ཟེར་བ་དེ་གཏན་འབེབ་བྱས་ཚེ་ཉེས་ཆད་ལྕི་མོ་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་། དེར་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་ཕྱིའི་རྒྱལ་ཁབ་ཀྱིས་ཧོང་ཀོང་གི་གནད་དོན་ལ་ཐེ་བྱུས་བྱས་ཚེ་ཡ་ལན་སྤྲོད་རྒྱུ་ཡིན་སྐོར་དང་། ད་ཐེངས་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་སྐོར་བརྗོད་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཨ་རིའི་ཐག་གཅོད་དེར་ཡ་ལན་གང་ཡང་སྤྲད་མི་འདུག་ཀྱང་། རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ (Global Times) ཟེར་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུ་ཤི་ཅིན་(Hu Xijin) ཟེར་བ་དེས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་པོམ་པིའོ་མཆོག་ནས་ཧོང་ཀོང་གི་རང་སྐྱོང་གནས་བབ་ཐད་ཧམ་བཤད་བྱས་ཡོད་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཡོད་ཅིང་། དེའི་ནང་ཨ་རིའི་ཐག་གཅོད་དེས་ཨ་རི་རང་ཉིད་ལ་གྱོང་གུད་ཚབས་ཆེན་ཕོག་རྒྱུ་ཡིན་པ་དང་། ཧོང་ཀོང་དེ་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཤིག་ཆགས་དོན་ཡང་རྒྱ་ནག་སྐམ་ས་ཆེན་མོ་དང་ཚོང་འབྲེལ་ཆེན་པོ་ཡོད་པའི་རྐྱེན་གྱིས་ཡིན་སྐོར་དང་། དགོས་གལ་བྱུང་ན་རྒྱ་ནག་གིས་རང་གི་མཚོ་འགྲམ་ཤིག་ཚོང་དོན་ལྟེ་གནས་ཤིག་ཏུ་བསྐྲུན་རྒྱུའི་ནུས་པ་ཡོད་སྐོར་སོགས་བརྗོད་ཡོད་འདུག དེ་བཞིན་དེ་རིང་རྒྱ་ནག་གི་རྒྱལ་སྤྱིའི་བརྙན་འཕྲིན་བརྒྱུད་ལམ་(China Global Television Network, CGTN) ནང་དུ་ཡང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་སྒེར་ལ་གཟད་དེ། ཨ་རིའི་དགྲ་བོ་དེ་ཏོག་དབྱིབས་ནད་ཡམས་ཡིན་པ་ལས་རྒྱ་ནག་མིན་པ་པོམ་པིའི་ཡིས་ཚོར་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་འདུག

རྒྱ་ནག་གིས་ཕྱི་ལོ་ ༢༠༠༢ ལོར་ཨོ་མིན་ནང་རྩ་བའི་ཁྲིམས་ཀྱི་དོན་ཚན་ ༢༣ གཏན་འབེབ་བྱས་ཏེ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་དམར་ཤོག་གཞུང་གི་མགོ་འཁྲིད་ལ་སྐྱོན་བརྗོད་བྱེད་པར་རྒོལ་བ་སོགས་ཀྱི་ཁྲིམས་བཟོས་ཏེ། ཨོ་མིན་ལ་ཁ་ལ་ཉན་པའི་བྱིས་པ་ཞེས་འབོད་ཀྱི་ཡོད་ཀྱང་། ཧོང་ཀོང་ནང་དོན་ཚན་ ༢༣ཟེར་བ་དེར་ངོ་རྒོལ་ཤུགས་ཆེན་བྱུང་བར་བརྟེན། ད་བར་དུ་ལག་བསྟར་གཏན་འབེབ་མ་ཐུབ་པར་ལྷག་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༢༨

Leave a Reply