ཐུགས་རྗེ་ཆེན་པོའི་དབང་ཆེན་དབུ་འཛུགས་མཛད།

༧གོང་ས་མཆོག་གིས་ང་ཚོས་གཅིག་གིས་གཅིག་ལ་རོགས་དང་ཕན་ཐོགས་བྱེད་རྒྱུ་བྱུང་ན་དངོས་ནས་སོ་སོ་སྐྱིད་པ་དང་ཁོར་ཡུག་ཡིན་ནའང་བྱམས་བརྩེ་ལྡན་པ་ཞིག་ཆགས་ཏེ་ཞི་བདེ་བག་ཕེབས་དང་འཇིགས་སྣང་མེད་པ་ཞིག་ཡོང་རྒྱུ་ཡིན་སྐོར་བཀའ་སློབ་བསྩལ།དེ་རིང་སྔ་དྲོར་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་ལམ་བརྒྱུད། ཉིན་གཉིས་རིང་གི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆེན་ལས་སྟ་གོན་དབུ་འཛུགས་མཛད་སྐབས།  དྲ་ལམ་ནས་དད་པ་ཅན་ཕྱོགས་དང་མཚམས་ག་བ་ཡོད་ནའང་སོ་སོའི་མོས་པ་བྱས་པ་དང་། མགོན་པོ་གང་ཉིད་ནས་སྨོན་ལམ་བརྒྱབ་ན་དབང་ཐོབ་ཀྱི་ཡོད་པའི་བཀའ་སློབ་བཟང་པོ་བསྐྱར་དུ་བསྩལ་གནང་སོང་།

ཐོག་མར་ཐུགས་རྗེ་ཆེན་པོའི་བདག་འཇུག་གནང་གྲུབ་རྗེས་༧གོང་ས་མཆོག་གིས། དོན་གཉེར་ཅན་མང་པོ་ཞིག་གིས་སྤྱན་རས་གཟིགས་ཀྱི་དབང་ཆེན་ཞིག་བྱུང་ན་ཞེས་སྐུལ་མ་ཡོང་གི་འདུག དེར་བརྟེན་དེ་རིང་དྲ་རྒྱ་བརྒྱུད་ནས་དབང་བསྐུར་རྒྱུ་བྱུང་བ་རེད། ན་ནིང་རྡོར་རྗེ་གདན་དུ་སྤྱན་རས་གཟིགས་ཀྱི་དབང་ཆེན་དྲ་རྒྱའི་ཐོག་ནས་བྱས་པ་རེད། གང་ལྟར་བོད་ནང་ཡོད་བསྡད་པའི་རྒྱ་ཆེའི་མི་མང་ཚོ་ལའང་ངས་དྲ་རྒྱའི་ཐོག་ནས་མར་དབང་བསྐུར་རྒྱུའི་དམིགས་པ་བྱས། མོས་པ་བྱས་ན་དབང་ཐོབ་ཀྱི་རེད་ཅེས་ཟེར་རྒྱུ་བྱུང་། རྣལ་འབྱོར་བླ་མེད་ཀྱི་དབང་དེ་ཚོའི་གྲས་དེ་ཏོག་ཙམ་ཕྱག་ལེན་དོ་དམ་པའི་བཟོ་ལྟ་བུ་རེད། གཉིས་ནས་བྱང་ཆུབ་སེམས་པའི་སྡོམ་པའི་ཐོག་ལ་སྔགས་ཀྱི་སྡོམ་པ་ཡོད་རེད། དེ་ནས་རྩ་ལྟུང་བཅུ་བཞི་དེ་ཚོའི་གྲས་སྲུང་དགོས་པ་ཆགས་ཀྱི་ཡོད་སྟབས། རྡོ་རྗེ་གདན་ལ་འཇམ་དབྱངས་ཆོས་སྐོར་གྱི་སྔོན་འགྲོ་ལ་འཇིགས་བྱེད་དབང་ཆེན་བཤད་པ་རེད། དེ་སློབ་མ་ཉུང་ཤས་བྱས་ནས་བྱས་པ་རེད། དེར་བརྟེན་དེ་རིང་འདི་སྤྱན་རས་གཟིགས་ཀྱི་དབང་ཆེན་རེད། དྲ་རྒྱའི་ཐོག་ནས་གང་ལྟར་མི་དད་པ་ཅན་ཕྱོགས་དང་མཚམས་ག་བ་ཡོད་ནའང་། སོ་སོའི་མོས་པ་བྱས། ངས་སྨོན་ལམ་བརྒྱབ་ན་དབང་ཐོབ་འགྲོ་ཡི་རེད། ཅེས་གསུངས་སོང་།

ཤེས་རབ་དང་འབྲེལ་བའི་སྙིང་རྗེ་སྐྱེ་དགོས་པའི་སྐོར་ལ་༧གོང་ས་མཆོག་གིས། འཕགས་པ་སྤྱན་རས་གཟིགས་ཟེར་རྒྱུ་དེ། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་འཕགས་པ་སྤྱན་རས་གཟིགས་ཟེར་རྒྱུ་དེ་གཙོ་བོ་སྙིང་རྗེ་ཡི་ལྷ་ཞིག་རེད་འདུག གཙོ་བོ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་ཆེད་དམིགས་རྣམ་བསྐྱངས་ནས། བློ་སྦྱངས་ནས་སྙིང་རྗེ་སྐྱེ་དགོས་པ་རེད། ཡང་ལྷག་པའི་ལྷ་འབྲེལ་ཡོད་དེ་འདྲ་བསྒྲུབ་ན་སྙིང་རྗེ་གོང་ནས་གོང་དུ་འཕེལ་རྒྱུ་ཡོད་རེད། ལྷག་པའི་ལྷ་སྤྱན་རས་གཟིགས་ལྟ་བུ་ལ་གསོལ་བ་བཏབ་ནས་སྙིང་རྗེ་སྐྱེ་དུས། སྙིང་རྗེས་སེམས་ཅན་ལ་དམིགས། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་ཞེས་གསུངས་པ་ནང་བཞིན། སྙིང་རྗེ་དེ་ཡང་ཤེས་རབ་དང་ལྡན་པ། རྣམ་དཔྱོད་དང་ལྡན་པ། འཆལ་བའི་ཤེས་རབ་དེ་འདྲ་མིན་པར་ཤེས་རབ་དང་ཟུང་དུ་འབྲེལ་བ་ཞིག་ཡོང་གི་ཡོད་པ་རེད། གཉིས་ནས་དེང་སང་གི་དུས་ཚོད་ལ་འཛམ་གླིང་ནང་མི་དུང་ཕྱུར་ ༧༠ ལྷག་ཡོད་པ་རེད། ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད་དེ། ཡིན་ནའང་དེ་རིང་ཁ་སང་རླུང་འཕྲིན་ནས་མར་འདོན་ཡོང་གི་འདུག མི་རིགས་དཀར་ནག་དབྱེ་འབྱེད་ལྟ་བུ་དང་། ཡང་ཆོས་ལུགས་དབྱེ་འབྱེད་ཀྱི་ཐོག་ནས་མི་གསོད་རེས་གཏོང་རྒྱུ་དང་། གང་ལྟར་མི་གསོད་རྒྱུ་བྱུང་ན་བྱས་རྗེས་བཞག་ཡོད་ལྟ་བུའི་སྤོབས་པ་བྱེད་རྒྱུ་དེ་འདྲ་ཡོང་སྡོད་ཀྱི་འདུག ཁ་སང་ངས་བརྙན་འཕྲིན་ནང་དེ་འདྲ་ཞིག་མཐོང་བྱུང་། སྙིང་རྗེ་ཨེ་མི་རི་ཁའི་མེ་ནི་སོ་ཊ་ལ་རེད། སྙིང་རྗེ། མི་ནག་གཅིག་མོ་ཊའི་འོག་ལ་རིལ་བསྡད་བཞག དེ་ནས་ཉེན་རྟོག་པ་མི་དཀར་པོ་ཞིག་གིས་མི་ནག་དེའི་སྐེའི་སྒང་ལ་པུས་མོ་བཙུགས་ནས་ཞེ་པོ་ཞིག་དངངས་སྐྲག་ཚ་བོ་བྱེད་ཡོང་གི་འདུག ད་མི་རིགས་དཀར་ནག་དབྱེ་བ་ཕྱེས་ནས་དེ་འདྲ་ཡོང་སྡོད་ཀྱི་འདུག་ཨ། དེར་བརྟེན་འཛམ་གླིང་འདིར་ཆོས་ལུགས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་འཐེན་འཁྱེར་བྱས་ནས་འཚེ་བ་བྱེད་རྒྱུ་ཞེ་དྲགས་ཡོང་གི་ཡོད་པ་རེད། གཞི་རྩའི་ཐོག་ང་ཚོ་མི་ཚང་མ་བྱམས་བརྩེའི་རང་བཞིན་ཅན་ཞིག་རེད། ཧ་ལམ་སྲོག་ཆགས་ཚང་མ་འཚོ་རྒྱུ་དེ་བྱམས་བརྩེས་འཚོ་དགོས་པ་རེད། འབུ་གཅིག་ཡིན་ནའང་འོ་མ་འཐུང་རྒྱུ་དེ་འདྲ་ཡོད་མ་རེད་དེ། ཨ་མ་དེས་ལྟ་རྟོག་ལྟ་བུ་བྱེད་བསྡད་པ་ཡོང་གི་འདུག གང་ལྟར་བདེ་སྡུག་གི་ཚོར་བ་མྱོང་མཁན་སྲོག་ཆགས་ཚང་མ་བརྩེ་བ་ཟེར་བ་ནས་འཚོ་བསྡད་པ་གསལ་པོ་རེད་འདུག དེ་འདྲ་ཡིན་དུས། ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། མི་སེམས་པ་བཟང་པོ་ཞིག་གིས་གཅིག་གིས་གཅིག་ལ་འཚེ་བ་མི་བྱེད་པ་དང་། གཅིག་གིས་གཅིག་ལ་རོགས་བྱེད་རྒྱུ་དང་ཕན་ཐོགས་བྱེད་རྒྱུ་བྱུང་བ་ཡིན་ན། དངོས་ནས་སོ་སོ་སྐྱིད་པ་དང་ཁོར་ཡུག་ཡིན་ནའང་བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུ་རེད། དེ་ལྟར་བྱུང་ན་དངོས་གནས་ཞི་བདེ་བག་ཕེབས་པ། འཇིགས་སྣང་མ་ཡོང་བ་དེ་འདྲ་ཡོང་གི་ཡོད་པ་རེད། ཅེས་བཀའ་སློབ་བསྩལ་སོང་།མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་སྟ་གོན་ཞུས་པ་རེད། དེ་རིང་བྱང་ཆུབ་སེམས་པ་དང་སྟོང་ཉིད་ཀྱི་ལྟ་བ་ལ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་བཏང་། དེ་བསམ་བློ་བཏང་བ་དང་འབྲེལ་ནས་མ་ཎི་ཡག་པོ་བགྲང་། ད་དུང་དགོང་མོ་གཉིད་ཁུག་པའི་སྐབས་སུའང་དགེ་སེམས་ཁྱད་པར་ཅན་ཞིག་སྐྱེས་པའི་ངང་ནས་གཉིད་དགོས། ཡང་ཉལ་པའི་སྐབས་སུ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཤུགས་ཆེ་དྲགས་ན་གཉིད་འཐོར་གྱི་རེད་དཱ། གང་ལྟར་དགེ་སེམས་ཁྱད་པར་ཅན་གྱི་ཐོག་ནས་གཉིད་དེ་རྨི་ལ་བརྟག་དགོས་པ་རེད། དེ་རིང་སྟ་གོན་ཚར་ནས་སང་ཉིན་དངོས་གཞི་ཡིན་སྟབས། ཕྱི་ནང་གི་འགལ་རྐྱེན་མི་ཡོང་བའི་དོན་དུ་རྟ་མགྲིན་གྱི་སྔགས་དེ་ཡག་པོ་བགྲང་དགོས་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༢༩

Leave a Reply

2 thoughts on “ཐུགས་རྗེ་ཆེན་པོའི་དབང་ཆེན་དབུ་འཛུགས་མཛད།

  1. གསར་འགོད་པ་པ་སངས་ཚེ་རིང་ལགས།
    བྱང་ཆུབ་སེམས་པ་ཟེར་བའི་ཚིག་འདི་ཧ་ལམ་ནང་པའི་གཞུང་ལ་ཡོད་རྒྱུ་མ་རེད་ཅེས་བཤད་ཆོག བྱང་ཆུབ་སེམས་རྒྱུད་ལ་ལྡན་པའི་གང་ཟག་ལ་བདག་སྒྲ་པ་སྦྱར་བ་ཡིན་བསམས་ན། རིགས་འགྲེ་སྦྱར་ཐལ་ཆེ་བ་རེད། དེ་འདྲའི་གང་ཟག་ལ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པ་ལས་བྱང་ཆུབ་སེམས་པ་ཞེས་པ་གཞུང་གང་དུའང་མི་གསལ། དུས་བབ་གསར་འགོད་རྣམས་ཀྱིས་རྒྱུན་དུ་ཆོས་དང་འབྲེལ་བའི་གསར་འགྱུར་འབྲི་དུས་ཡིག་ནོར་མང་དག་ཅིག་འདུག ངས་རྒྱུན་དུ་གནད་དོན་དེར་བྱ་ར་བྱེད་བཞིན་ཡོད། མ་གཞི་ནས་ཁྱེད་རྣམ་པར་ཐུགས་ཁག་ཡོད་རྒྱུ་མ་རེད། ཆོས་ཀྱི་གཞུང་ལུགས་དག་ལ་སྦྱངས་པ་གནང་ཡོད་རྒྱུ་མ་རེད། ནང་པའི་ཆོས་གཞུང་ལ་གོ་རྒྱ་ཐོས་རྒྱ་ཆེན་པོ་མེད་ནའང་། དེང་སང་ཚིག་མཛོད་མང་པོ་ཡོད་པས་ཆོས་ཚིག་དག་པོ་ཞིག་འབྲི་བ་ལ་དེ་ཙམ་དཀའ་ངལ་ཡོད་རྒྱུ་མ་རེད།