དགའ་ལྡན་ཕོ་བྲང་གིས་དྲ་ལམ་ནས་དབང་བསྐུར་ན་ཐོབ་ཀྱི་ཡོད་མེད་སོགས་ཀྱི་ཐོག་གསལ་བཤད་གནང་།

དེ་རིང་དགའ་ལྡན་ཕོ་བྲང་གིས་ཉེ་ལམ་དྲ་ལམ་ནས་དབང་བསྐུར་ཐོབ་མིན་དང་བརྒྱུད་པར་སེལ་ཞུགས་མིན། གསང་སྔགས་ཁྲོམ་བསྒྲགས་རུང་མིན་སོགས་ཀྱི་གནད་དོན་ཐད་རྙོག་གླེང་འབྱུང་བཞིན་པར་ཡིག་ཐོག་གསལ་བཤད་ཅིག་གནང་འདུགདེ་ཡང་གསལ་བཤད་ཀྱི་ནང་དུ། བར་སྐབས་འཇིག་རྟེན་ཁྱོན་ཡོངས་སུ་རིམས་ནད་ཀྱི་དབང་གིས་འདུ་འཛོམས་བྱེད་ཐབས་མེད་སྟབས་དད་ལྡན་མང་པོས་དྲྭ་ལམ་བརྒྱུད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སྩོལ་ཡོང་བའི་གསོལ་འདེབས་ནན་ཞུའི་ངོར་ཞལ་བཞེས་བཀའ་དྲིན་ཐོབ་པ་ཞིག་ཡིན་སྐོར་ངོ་སྤྲོད་དང་སྦྲགས། དྲ་ལམ་བརྒྱུད་དབང་ཐོབ་མིན་གྱི་གནད་དོན་ཐད། སྤྱིར་གནའ་བོའི་དུས་སུ་མིག་དང་རྣ་བའི་མངོན་ཤེས་ཐོབ་པའི་གང་ཟག་རྣམས་ཀྱིས་གྲངས་མེད་འཇིག་རྟེན་ཁམས་ཀྱི་ཕ་རོལ་ནས་ཆོས་འཆད་ཉན་དང་། དེ་ལ་བརྟེན་ནས་ས་ལམ་གྱི་འབྲས་བུ་བརྙེས་པའི་བྱུང་བ་མདོ་ལས་གསལ་བར་གསུངས་པ་དེ་དག་སྒྲ་ཇི་བཞིན་པར་ཀུན་གྱིས་འདོད་བཞིན་པ་ལྟར། དེང་རབས་འཕྲུལ་ལས་དྲྭ་རྒྱ་དང་བརྙན་འཕྲིན་སོགས་ཀྱང་རང་བྱུང་འབྱུང་ཁམས་ལ་གནས་པའི་རྫས་ནུས་སྦྱོར་སྤྱད་ལས་བྱུང་བས། དེ་ལ་བརྟེན་པའི་མཐོང་ཐོས་ཀྱི་ཤེས་པའང་བསླུ་མེད་ཚད་མའི་བློར་འདོད་པ་ལ་སྐྱོན་གང་ཡང་མེད་པས་དྲྭ་ལམ་བརྒྱུད་ཆོས་བཀའ་སྩལ་རིགས་སློབ་མས་ཐོབ་མིན་ལ་དྭོགས་པ་བྱེད་དགོས་མ་མཆིས། ཞེས་གསུངས་འདུག

ཡང་མུ་མཐུད། སྤྱིར་རྒྱུད་སྡེ་དང་། འཕགས་བོད་ཀྱི་དཀྱིལ་ཆོག་དགོངས་འགྲེལ་ཚད་མ་རྣམས་ནས་དབང་གི་རྣམ་གཞག་སྐོར། གང་གིས་དབང་སྐུར་བ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། གང་དུ་དབང་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག གང་ལ་དབང་བསྐུར་བའི་སློབ་མའི་མཚན་ཉིད། གང་སྐུར་བའི་དབང་གི་ཆོ་གའི་རིམ་པ་བཅས་ཆེས་ཞིབ་པར་གསུངས་ཡོད། དེ་དག་ལས་སློབ་དཔོན་དང་སློབ་མ་མཚམས་གཅིག་ཏུ་ཡོད་དགོས་པར་གསུངས་པ་གཅིག་ཀྱང་མི་སྣང་། ཞེས་དང་། དབང་གི་དགོས་པ་ནི་སློབ་མའི་རྒྱུད་ལ་སྐུ་བཞིའི་ས་བོན་ཐེབས་ངེས་སུ་འཇོག་ཅིང་། ཡི་དམ་དེ་དང་དེའི་བསྙེན་སྒྲུབ་ལས་གསུམ་ལ་དབང་བར་བྱས་པ་ཡིན་ཞིང་། དབང་གི་ངོ་བོ་ནི་རྒྱུད་སྡེ་རང་རང་གི་ལམ་དང་མཐུན་པའི་རྟོགས་པའི་ཡོན་ཏན་ཁྱད་པར་བ་རེ་རྒྱུད་ལ་མ་མཐར་ཡང་མོས་པ་ཡིད་བྱེད་ཀྱི་ཚུལ་དུ་བསྐྱེད་པར་བྱེད་པ་དེ་ཡིན་ལ། དེ་ཡང་སློབ་དཔོན་གྱིས་ཆོ་གའི་ཚིག་རིས་ལྟར་བརྡ་ལེགས་པར་སྤྲད་པ་ན། སློབ་མས་དེ་བཞིན་དམིགས་རྣམ་བསྐྱངས་ཏེ་དྲི་མ་གང་དག་པ་དང་། ནུས་པ་གང་འཇོག་པ། ལམ་གང་བསྒོམ་པ་ལ་དབང་བར་བྱས་པ་རྣམས་ཡིད་ལ་གསལ་ངེས་བྱུང་ན་དབང་ངེས་པར་དུ་ཐོབ། དབང་རྫས་བུམ་ཆུ་སོགས་ནི་དབང་གི་ངོ་བོ་དེ་དག་བསྐྱེད་པའི་གྲོགས་སུ་གྱུར་པ་ལས་མེད་མི་རུང་གི་རྒྱུ་མིན། ཉན་ཐོས་ཀྱི་ཐེག་པར་ལུང་འབོགས་པ་གཙོ་བོ་ཡིན་ཞིང་། དེ་ལའང་འདུལ་བ་ལུང་གཞིར། ལུང་ནོད་པར་སློབ་མ་ཐོས་པའི་ཉེ་སྐོར་ལས་མཐོང་བའི་ཉེ་སྐོར་དུ་ཡོད་དགོས་པར་མ་གསུངས། སྤྱིར་དམ་ཆོས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་མངོན་སུམ་དུ་དགོས་པ་ཤ་སྟག་ཡིན་མོད། དགག་དགོས་ཁྱད་པར་བའི་དབང་གིས་བུ་མོ་ཆོས་སྦྱིན་མ་སྟོན་པ་རང་ཉིད་ཀྱིས་འཕྲིན་གྱི་སྒོ་ནས་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱིས་བསྙེན་པར་རྫོགས་པར་མཛད་ཡོད། ཅེས་གསུངས་འདུག

དེ་བཞིན་གསང་སྔགས་ཁྲོམ་བསྒྲགས་རུང་མིན་གྱི་གནད་དོན་ཐད་གསལ་བཤད་ནང་། མདོ་དཀོན་བརྩེགས་ལས་སངས་རྒྱས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་གོ་བར་མཛད་དེ་ཆོས་སྟོན་ནས་འབྲས་བུ་ལ་བཀོད་པར་གསུངས་ཤིང་། བྱང་སེམས་ཀྱི་སྡོམ་པ་ཡང་རྟེན་གྱི་དྲུང་ནས་ཐོབ་པ་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་རོ། །སྔགས་ཀྱི་ཐེག་པར་ཆོས་ཀྱི་ཆེ་བ་འདོན་སླད་སྐབས་རེ་སློབ་མའི་གྲངས་བཅད་གནང་བ་དང་། ཡང་སྐབས་རེ་ཁྲོམ་དབང་གི་ཕྱག་སྲོལ་སྔར་ནས་ཡོད་དེ། ཤམ་བྷ་ལར་དུས་ཀྱི་འཁོར་ལོ་ཁྲོམ་ཆོས་སུ་གནང་བ་དང་། སློབ་དཔོན་རིན་པོ་ཆེས་ཨོ་རྒྱན་ཡུལ་གྱི་རྒྱལ་འབངས་ཀུན་བཏུལ་ནས་བཀའ་དབང་ཁྲོམ་ཆོས་སུ་མཛད་པ། འཇིགས་མེད་གླིང་པ་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། གཏེར་བདག་གླིང་པ་སོགས་ཚད་ཐུབ་དུ་མས་ཁྲོམ་དབང་བསྐུར་བ་རང་རང་གི་རྣམ་ཐར་དུ་གསལ། གྲངས་ཚད་ཙམ་གྱིས་དབང་སྐུར་ཆོག་མི་ཆོག་གི་ས་མཚམས་འཛིན་ན་རྒྱུད་སྨིན་པའི་སློབ་མ་ཚད་ལྡན་སྟོང་ཕྲག་སོགས་དུས་གཅིག་ཏུ་འབྱུང་མི་ཆོག་པའམ་བྱུང་ཡང་དེ་དག་གི་དོན་བྱ་མི་རུང་བར་འགྱུར་བས་སྟོན་པའི་དགོངས་པ་དེ་ལྟ་བུའི་གུ་དོག་ཅན་ཞིག་ཡིན་ག་ལ་རིགས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེའི་རྣམ་ཐར་དུ་དབང་བསྐུར་བར་སེམས་བསྐྱེད་བཟང་པོ་དང་། ཆོ་ག་ཚང་བ་དང་། བསྐྱེད་རིམ་གསལ་བ་བརྟན་པ་དང་། ལྷ་སྐོན་ཚད་དུ་སྐྱོལ་བ་དང་། དེ་རྣམས་ཡོད་ན་དག་དེས་ཆོག་སྟེ། ཞེས་དང་། ཤི་བོ་ལ་དབང་བསྐུར་བ་ཡང་རྣམ་ཐར་དེ་ཉིད་དུ་བྱུང་བས་དགག་དགོས་དབང་གིས་ཕྱག་ལེན་ཡངས་དོག་ཅི་རིགས་པར་བྱུང་ངོ་། །ཞེས་གསུངས་འདུག

གསལ་བཤད་ཀྱི་མཇུག་དེར། མདོར་ན། རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བ་གཞིར་བཅས། དྲྭ་ལམ་ནས་སྐུ་མངོན་སུམ་པ་ལྟ་བུའི་མདུན་དུ། སློབ་དཔོན་གྱིས་རང་གིས་དམིགས་འོག་ཏུ་བཅུག་པའི་སློབ་མ་དད་ཅན་རྣམས་ལ་དབང་བརྡ་འཕྲོད་ངེས་སུ་བསྐུར་ན་དབང་བསྐུར་བར་ཐོབ་སྟེ། དབང་གི་དགོས་པ་དེས་རྫོགས་པས་སོ། །དེ་ལྟ་བུའི་སྒོ་ནས་དབང་ཞུ་ན་དྲྭ་ལམ་ནས་ཀྱང་བརྒྱུད་པ་ཚད་ལྡན་ཐོབ་ངེས་ཏེ། རྨི་ལམ་གྱི་སྣང་བའམ་དག་སྣང་དུ་བྱུང་བའི་བྱིན་རླབས་ཉེ་བརྒྱུད་ཀྱི་ཆོས་ཚན་དང་། ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་གཏེར་ནས་སྟོན་པའི་ཆོས་རྣམས་ལའང་ཆོས་མགོ་སྟོན་པ་ལ་ཐུག་པའི་བརྒྱུད་པ་ཚད་མར་གྱུར་པ་ཀུན་གྱིས་ཁས་ལེན་གནང་བཞིན་པ་ཡིན་པས་དྭོགས་གཞིར་བྱ་དགོས་མ་མཆིས་སོ། ཞེས་དང་། བླ་མ་ལ་དད་གུས་མེད་པའི་སྐྱེ་བོ་རྣམས་ནི་དབང་གྲལ་དུ་འཚང་རུང་དབང་མི་ཐོབ་པར་ངེས་པས། དེ་དོན་དགོངས་འཇགས་ཞུ། ཞེས་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༢༩

Leave a Reply

8 thoughts on “དགའ་ལྡན་ཕོ་བྲང་གིས་དྲ་ལམ་ནས་དབང་བསྐུར་ན་ཐོབ་ཀྱི་ཡོད་མེད་སོགས་ཀྱི་ཐོག་གསལ་བཤད་གནང་།

  1. ༡༽་དགའ་ལྡན་ཕོ་བྲང་ནས་གསལ་བཤད་ནང་འཁོད་པ་ཚང་མ་འོས་ཤིང་འཚམས་པ་འདུག་དག་སྣང་ལ་ཁས་ལེན་ཐུབ་ན་དཔེ་ཡག་པོ་རེད།ཁྱད་པར་དུ་གསལ་བཤད་འདིའི་ནང་ཨོ་རྒྱན་སྟོབས་རྒྱས་ལ་ཟུར་ཟ་སོགས་གང་ཡང་མེད་པ་འདི་ཆེས་བཀུར་ཏུ་འོས་པར་སེམས་ནའང་དེ་ལྟར་གསལ་བཤད་མཛད་ནས་ཨོ་སྟོབས་ལ་གཙང་སེལ་གནང་སོང་མི་ཟེར་བའི་ཉེན་ཁ་མི་འདུག་མོད།
    ༢༽་སྤྱིར་སྟང་དབང་ཆེན་གང་བྱུང་ལ་གནང་ཆོ་མི་ཆོག་གི་བཀའ་མོལ་གོང་ས་མཆོག་གིས་གསུངས་པ་དྲ་རྒྱའི་ནང་མཐོང་ཡ་འདུག་ལ་རྒྱུད་སྡེ་ནང་ལའང་བཅད་མཚམ་དམ་པོ་ཡོད་ནས་གསང་ྔགས་ཟེར་བའི་མིང་ཐོག་པ་རེད།
    ༣༽གསང་ྔགས་ཁྲོམ་བསྒྲགས་འདིའི་ཐད་ཅུང་ཟད་ཞུས་ན་འདས་པའི་ལོ་ཤས་ནང་རྒྱུད་སྟོད་གྲ་ཚང་དང་གདན་ས་གྲ་ཚང་ཕལ་ཆེ་བས་ཕྱོགས་གྲ་བརྒྱད་ཙམ་ཕེབས་ནས་ཕྱི་རྒྱལ་ཡུལ་ལུང་མང་པོར་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་སོགས་གང་ཡང་མེད་པར་དུས་འཁོར་དང་འཇིགས་བྱེད་སོགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆ་ཚང་ལ་མ་ཚང་བ་དེ་འདྲ་མི་དམངས་འདུ་ས་དང་ཁྲོམ་རར་བྲིས་ནས་མི་དམངས་མཇལ་དུ་བཅུག་ནས་པད་ཤག་བསྡུ་སྒྲུབ་གནང་སྐབས་ཟུར་གནས་སྐྱེས་བུ་མང་པོའི་བློ་ལ་ཨ་ཙི་འདི་འདྲ་རང་ཨ་ཡིན་ན་བསམ་མཁན་མང་པོ་བྱུང་ཡོད་རེད།འོན་ཀྱང་ཟེར་ཐོས་ལ་དེ་འདྲ་བྱས་ནས་བོད་པའི་རིག་གཞུང་ཁྱབ་བསྒྲགས་ཡོང་གི་ཡོད་ཙང་གོང་ས་མཆོག་ནས་བཀའ་འཁྲོལ་ཡོད་རེད་ཟེར་ནས་འགྲིགས་ཤག་ཤག་བྱེད་ཀྱི་འདུག་
    གལ་ཏེ་དངོས་སུ་དབང་ཞུ་ས་ལའང་དཀྱིལ་འཁོར་དུ་འཇུག་པ་ལ་ཆོ་ག་དང་འབྲེལ་བའི་མིག་ལ་རས་ཡུག་དམར་པོ་གྱོན་དགོས་ཀྱི་ཡོད་པ་གང་ཞིག་ལ་ཁྲོམ་ལ་དཀྱིལ་འཁོར་ཚོང་ཟོག་ནང་བཞིན་བཀྲམ་བསྡད་ན་བགད་མོ་ཤོར་ས་ཆག་གི་འདུག་དྲན་མྱོང་།དེས་ན་ད་ལམ་མཆོག་གླིང་ཙང་གི་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་བཤད་སྟངས་དེ་སྡུག་རང་དྲག་ནས་ཚང་མས་གོང་ས་མཆོག་ལ་མཚན་དམས་ཞུས་རེད་ཟེར་ནས་ཁོང་ལ་ངོ་རྒོལ་ཡོད་ཟེར་ནས་ཚོགས་པ་སྐྱིད་སྡུག་མང་པོས་འགྲིགས་ཤག་བྱས་ནས་འུར་རྒྱབ་ནས་བསྡད་པ་འདི་འདྲ་སུས་ཀྱང་བྱེད་ཤེས་པ་ཞིག་རེད་མ་གཏོགས་དོན་དུ་ཁོང་གིས་གང་གསུངས་པའི་དོན་གཙོ་བོ་དེ་རང་རེའི་བོད་ཀྱི་ཆོས་དང་རིག་གཞུང་རིན་ཆེན་པོ་འདིའི་ཆེ་བ་དེ་མི་ཉམས་གོང་སྤེལ་ཉམས་པ་སོར་ཆུད་པ་བྱེད་དགོས་ན་སྟང་འཛིན་ཡག་པོ་མེད་ན་ནམ་ཞིག་ར་ལང་ཆོ་ལང་བྱས་ནས་རྒྱའི་བླ་མ་དེ་ཚོས་གང་བྱུང་བྱེད་དང་བྱེད་བཞིན་པ་འདི་དག་ལ་དག་སེལ་བྱེད་ཐུབ་རྒྱུ་ལྟ་ཅི་དག་སེལ་སོགས་གང་ཡང་བྱེད་མི་ཐུབ་པ་ཡོང་བའི་ཉེན་ཁ་ཆེན་པོ་འདུག་བསམ་ནས་གསུངས་བ་མིན་འགྲོ་བསམ་པའི་མཐོང་ཚུལ་གསར་པ་ཞིག་ཐོབ་སོང་།
    ༤༽་ཁོན་ཡང་དགོན་པ་ཞིག་གི་བླ་མ་དགོང་ལོ་བགྲེས་སོང་ཞིག་རེད།་ཁོང་ལ་ཚང་མས་གང་བྱུང་མང་བྱུང་གིས་ཚིག་ངན་བཤད་པ་འདིའང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡོང་རྒྱུ་ལྟ་ཅི་ཁོང་གི་བཀའ་ལས་འགལ་བར་སེམས་པ་མ་ཟད་མི་དགེ་བའི་ལས་རེད།་ད་ལྟ་ས་ག་ཟླ་བ་རེད།ཁོང་ཁྲོ་བླ་མའི་དོན་དུའང་བྱེད་མི་རུང་བས་ཚང་མས་ཟབ་རོགས་གནང་།

    1. བདེ་ཆེན་ལྷ་མོ

      རིག་པ་དང་བས་ཆོས་ལ་ངེས་ཤེས་སྐྱེ་ཞེས་གསུང་པ་ལྟར་ཀུན་བཟང་ལགས་མགོ་བཏུམ་ནས་མ་བཞུགས་པར་དགོངས་པ་ཡག་པོ་བཞེས་ནས་བྲིས་གནང་འདུག་པར་ཐུགས་རྗེ་ཆེ།་
      ངས་ཀྱང་ཆོས་རིག་བཀའ་བློན་འདི་ད་ལྟའི་བཀའ་ཤག་གི་ལས་དབང་ཡིན་པས་ཀརྨ་དང་སྒྲིགས་འཛུགས་ཀྱི་ཕྱག་ལས་ཕལ་མོ་ཆེ་དོན་དང་ལྡན་ཅིང་དགེ་ཞིང་ལེགས་པས་ན་མཚན་དོན་མཚུངས་པའི་ཆོས་ཀྱི་བློན་པོ་རིན་པོ་ཆེ་ཡིོན་པས་ཁོང་ལ་མ་ཉེས་ཁ་གཡོག་གང་བྱུང་བཤད་མཁན་རྣམས་ནས་ཁོང་ལ་མཚན་སྨས་ཞུས་ནས་ལས་སྣེ་ནས་དགོངས་པ་ཞུ་དགོས་ཟེར་མཁན་ཡོད་པར་བློ་ཕམ་ཚད་མེད་ཡོད་པས་ཁ་ལ་བདག་པོ་མེད་མཁན་གྱི་ཁྱི་འཐུས་སྐབས་འཚོལ་རིང་ལུགས་པ་རྣམས་བག་ཡོད་པར་བྱོས་ཤིག