དགའ་ལྡན་ཕོ་བྲང་གིས་དྲ་ལམ་ནས་དབང་བསྐུར་ན་ཐོབ་ཀྱི་ཡོད་མེད་སོགས་ཀྱི་ཐོག་གསལ་བཤད་གནང་།

དེ་རིང་དགའ་ལྡན་ཕོ་བྲང་གིས་ཉེ་ལམ་དྲ་ལམ་ནས་དབང་བསྐུར་ཐོབ་མིན་དང་བརྒྱུད་པར་སེལ་ཞུགས་མིན། གསང་སྔགས་ཁྲོམ་བསྒྲགས་རུང་མིན་སོགས་ཀྱི་གནད་དོན་ཐད་རྙོག་གླེང་འབྱུང་བཞིན་པར་ཡིག་ཐོག་གསལ་བཤད་ཅིག་གནང་འདུགདེ་ཡང་གསལ་བཤད་ཀྱི་ནང་དུ། བར་སྐབས་འཇིག་རྟེན་ཁྱོན་ཡོངས་སུ་རིམས་ནད་ཀྱི་དབང་གིས་འདུ་འཛོམས་བྱེད་ཐབས་མེད་སྟབས་དད་ལྡན་མང་པོས་དྲྭ་ལམ་བརྒྱུད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་སྩོལ་ཡོང་བའི་གསོལ་འདེབས་ནན་ཞུའི་ངོར་ཞལ་བཞེས་བཀའ་དྲིན་ཐོབ་པ་ཞིག་ཡིན་སྐོར་ངོ་སྤྲོད་དང་སྦྲགས། དྲ་ལམ་བརྒྱུད་དབང་ཐོབ་མིན་གྱི་གནད་དོན་ཐད། སྤྱིར་གནའ་བོའི་དུས་སུ་མིག་དང་རྣ་བའི་མངོན་ཤེས་ཐོབ་པའི་གང་ཟག་རྣམས་ཀྱིས་གྲངས་མེད་འཇིག་རྟེན་ཁམས་ཀྱི་ཕ་རོལ་ནས་ཆོས་འཆད་ཉན་དང་། དེ་ལ་བརྟེན་ནས་ས་ལམ་གྱི་འབྲས་བུ་བརྙེས་པའི་བྱུང་བ་མདོ་ལས་གསལ་བར་གསུངས་པ་དེ་དག་སྒྲ་ཇི་བཞིན་པར་ཀུན་གྱིས་འདོད་བཞིན་པ་ལྟར། དེང་རབས་འཕྲུལ་ལས་དྲྭ་རྒྱ་དང་བརྙན་འཕྲིན་སོགས་ཀྱང་རང་བྱུང་འབྱུང་ཁམས་ལ་གནས་པའི་རྫས་ནུས་སྦྱོར་སྤྱད་ལས་བྱུང་བས། དེ་ལ་བརྟེན་པའི་མཐོང་ཐོས་ཀྱི་ཤེས་པའང་བསླུ་མེད་ཚད་མའི་བློར་འདོད་པ་ལ་སྐྱོན་གང་ཡང་མེད་པས་དྲྭ་ལམ་བརྒྱུད་ཆོས་བཀའ་སྩལ་རིགས་སློབ་མས་ཐོབ་མིན་ལ་དྭོགས་པ་བྱེད་དགོས་མ་མཆིས། ཞེས་གསུངས་འདུག

ཡང་མུ་མཐུད། སྤྱིར་རྒྱུད་སྡེ་དང་། འཕགས་བོད་ཀྱི་དཀྱིལ་ཆོག་དགོངས་འགྲེལ་ཚད་མ་རྣམས་ནས་དབང་གི་རྣམ་གཞག་སྐོར། གང་གིས་དབང་སྐུར་བ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད། གང་དུ་དབང་བསྐུར་བ་དཀྱིལ་འཁོར་གྱི་རྣམ་གཞག གང་ལ་དབང་བསྐུར་བའི་སློབ་མའི་མཚན་ཉིད། གང་སྐུར་བའི་དབང་གི་ཆོ་གའི་རིམ་པ་བཅས་ཆེས་ཞིབ་པར་གསུངས་ཡོད། དེ་དག་ལས་སློབ་དཔོན་དང་སློབ་མ་མཚམས་གཅིག་ཏུ་ཡོད་དགོས་པར་གསུངས་པ་གཅིག་ཀྱང་མི་སྣང་། ཞེས་དང་། དབང་གི་དགོས་པ་ནི་སློབ་མའི་རྒྱུད་ལ་སྐུ་བཞིའི་ས་བོན་ཐེབས་ངེས་སུ་འཇོག་ཅིང་། ཡི་དམ་དེ་དང་དེའི་བསྙེན་སྒྲུབ་ལས་གསུམ་ལ་དབང་བར་བྱས་པ་ཡིན་ཞིང་། དབང་གི་ངོ་བོ་ནི་རྒྱུད་སྡེ་རང་རང་གི་ལམ་དང་མཐུན་པའི་རྟོགས་པའི་ཡོན་ཏན་ཁྱད་པར་བ་རེ་རྒྱུད་ལ་མ་མཐར་ཡང་མོས་པ་ཡིད་བྱེད་ཀྱི་ཚུལ་དུ་བསྐྱེད་པར་བྱེད་པ་དེ་ཡིན་ལ། དེ་ཡང་སློབ་དཔོན་གྱིས་ཆོ་གའི་ཚིག་རིས་ལྟར་བརྡ་ལེགས་པར་སྤྲད་པ་ན། སློབ་མས་དེ་བཞིན་དམིགས་རྣམ་བསྐྱངས་ཏེ་དྲི་མ་གང་དག་པ་དང་། ནུས་པ་གང་འཇོག་པ། ལམ་གང་བསྒོམ་པ་ལ་དབང་བར་བྱས་པ་རྣམས་ཡིད་ལ་གསལ་ངེས་བྱུང་ན་དབང་ངེས་པར་དུ་ཐོབ། དབང་རྫས་བུམ་ཆུ་སོགས་ནི་དབང་གི་ངོ་བོ་དེ་དག་བསྐྱེད་པའི་གྲོགས་སུ་གྱུར་པ་ལས་མེད་མི་རུང་གི་རྒྱུ་མིན། ཉན་ཐོས་ཀྱི་ཐེག་པར་ལུང་འབོགས་པ་གཙོ་བོ་ཡིན་ཞིང་། དེ་ལའང་འདུལ་བ་ལུང་གཞིར། ལུང་ནོད་པར་སློབ་མ་ཐོས་པའི་ཉེ་སྐོར་ལས་མཐོང་བའི་ཉེ་སྐོར་དུ་ཡོད་དགོས་པར་མ་གསུངས། སྤྱིར་དམ་ཆོས་འདུལ་བའི་ལས་ཀྱི་ཆོ་ག་རྣམས་མངོན་སུམ་དུ་དགོས་པ་ཤ་སྟག་ཡིན་མོད། དགག་དགོས་ཁྱད་པར་བའི་དབང་གིས་བུ་མོ་ཆོས་སྦྱིན་མ་སྟོན་པ་རང་ཉིད་ཀྱིས་འཕྲིན་གྱི་སྒོ་ནས་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱིས་བསྙེན་པར་རྫོགས་པར་མཛད་ཡོད། ཅེས་གསུངས་འདུག

དེ་བཞིན་གསང་སྔགས་ཁྲོམ་བསྒྲགས་རུང་མིན་གྱི་གནད་དོན་ཐད་གསལ་བཤད་ནང་། མདོ་དཀོན་བརྩེགས་ལས་སངས་རྒྱས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སངས་རྒྱས་ཀྱི་གསུང་དབྱངས་ཀྱིས་གོ་བར་མཛད་དེ་ཆོས་སྟོན་ནས་འབྲས་བུ་ལ་བཀོད་པར་གསུངས་ཤིང་། བྱང་སེམས་ཀྱི་སྡོམ་པ་ཡང་རྟེན་གྱི་དྲུང་ནས་ཐོབ་པ་ཀུན་ལ་གྲགས་ཤིང་གྲུབ་པ་ལྟར་རོ། །སྔགས་ཀྱི་ཐེག་པར་ཆོས་ཀྱི་ཆེ་བ་འདོན་སླད་སྐབས་རེ་སློབ་མའི་གྲངས་བཅད་གནང་བ་དང་། ཡང་སྐབས་རེ་ཁྲོམ་དབང་གི་ཕྱག་སྲོལ་སྔར་ནས་ཡོད་དེ། ཤམ་བྷ་ལར་དུས་ཀྱི་འཁོར་ལོ་ཁྲོམ་ཆོས་སུ་གནང་བ་དང་། སློབ་དཔོན་རིན་པོ་ཆེས་ཨོ་རྒྱན་ཡུལ་གྱི་རྒྱལ་འབངས་ཀུན་བཏུལ་ནས་བཀའ་དབང་ཁྲོམ་ཆོས་སུ་མཛད་པ། འཇིགས་མེད་གླིང་པ་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། གཏེར་བདག་གླིང་པ་སོགས་ཚད་ཐུབ་དུ་མས་ཁྲོམ་དབང་བསྐུར་བ་རང་རང་གི་རྣམ་ཐར་དུ་གསལ། གྲངས་ཚད་ཙམ་གྱིས་དབང་སྐུར་ཆོག་མི་ཆོག་གི་ས་མཚམས་འཛིན་ན་རྒྱུད་སྨིན་པའི་སློབ་མ་ཚད་ལྡན་སྟོང་ཕྲག་སོགས་དུས་གཅིག་ཏུ་འབྱུང་མི་ཆོག་པའམ་བྱུང་ཡང་དེ་དག་གི་དོན་བྱ་མི་རུང་བར་འགྱུར་བས་སྟོན་པའི་དགོངས་པ་དེ་ལྟ་བུའི་གུ་དོག་ཅན་ཞིག་ཡིན་ག་ལ་རིགས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེའི་རྣམ་ཐར་དུ་དབང་བསྐུར་བར་སེམས་བསྐྱེད་བཟང་པོ་དང་། ཆོ་ག་ཚང་བ་དང་། བསྐྱེད་རིམ་གསལ་བ་བརྟན་པ་དང་། ལྷ་སྐོན་ཚད་དུ་སྐྱོལ་བ་དང་། དེ་རྣམས་ཡོད་ན་དག་དེས་ཆོག་སྟེ། ཞེས་དང་། ཤི་བོ་ལ་དབང་བསྐུར་བ་ཡང་རྣམ་ཐར་དེ་ཉིད་དུ་བྱུང་བས་དགག་དགོས་དབང་གིས་ཕྱག་ལེན་ཡངས་དོག་ཅི་རིགས་པར་བྱུང་ངོ་། །ཞེས་གསུངས་འདུག

གསལ་བཤད་ཀྱི་མཇུག་དེར། མདོར་ན། རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བ་གཞིར་བཅས། དྲྭ་ལམ་ནས་སྐུ་མངོན་སུམ་པ་ལྟ་བུའི་མདུན་དུ། སློབ་དཔོན་གྱིས་རང་གིས་དམིགས་འོག་ཏུ་བཅུག་པའི་སློབ་མ་དད་ཅན་རྣམས་ལ་དབང་བརྡ་འཕྲོད་ངེས་སུ་བསྐུར་ན་དབང་བསྐུར་བར་ཐོབ་སྟེ། དབང་གི་དགོས་པ་དེས་རྫོགས་པས་སོ། །དེ་ལྟ་བུའི་སྒོ་ནས་དབང་ཞུ་ན་དྲྭ་ལམ་ནས་ཀྱང་བརྒྱུད་པ་ཚད་ལྡན་ཐོབ་ངེས་ཏེ། རྨི་ལམ་གྱི་སྣང་བའམ་དག་སྣང་དུ་བྱུང་བའི་བྱིན་རླབས་ཉེ་བརྒྱུད་ཀྱི་ཆོས་ཚན་དང་། ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་གཏེར་ནས་སྟོན་པའི་ཆོས་རྣམས་ལའང་ཆོས་མགོ་སྟོན་པ་ལ་ཐུག་པའི་བརྒྱུད་པ་ཚད་མར་གྱུར་པ་ཀུན་གྱིས་ཁས་ལེན་གནང་བཞིན་པ་ཡིན་པས་དྭོགས་གཞིར་བྱ་དགོས་མ་མཆིས་སོ། ཞེས་དང་། བླ་མ་ལ་དད་གུས་མེད་པའི་སྐྱེ་བོ་རྣམས་ནི་དབང་གྲལ་དུ་འཚང་རུང་དབང་མི་ཐོབ་པར་ངེས་པས། དེ་དོན་དགོངས་འཇགས་ཞུ། ཞེས་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༢༩

Leave a Reply

8 thoughts on “དགའ་ལྡན་ཕོ་བྲང་གིས་དྲ་ལམ་ནས་དབང་བསྐུར་ན་ཐོབ་ཀྱི་ཡོད་མེད་སོགས་ཀྱི་ཐོག་གསལ་བཤད་གནང་།

  1. འོ་ལགས་སོ་འདི་ནི་ཆེས་ཁྱད་དུ་འཕགས་སོ།
    དེའང་ཨོ་སྟོབས་ལ་ལེ་ལན་དང་ཁང་ར་སོགས་གང་ཡང་གནང་མེད་པར་གསུངས་པ་འདི་གཟི་བརྗིད་ཆེ།
    འོན་ཀྱང་ཆོས་རིག་བཀའ་བློན་ལ་བསམ་འཆར་བཤད་མཁན་འགས་བཤད་པ་ལྟར་དགའ་ལྡན་ཕོ་བྲང་ནས་ཨོ་སྟོབས་དག་སེལ་བཏང་བ་རེད་ཟེར་མཁན་མེད་པའི་རེ་བ་ཡོད།

  2. འདམ་སྐྱེས།

    ད་ལམ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དྲ་ལམ་བརྒྱུད་བཀའ་དབང་འཐོབ་རུང་སོགས་གསལ་བཤད་གནང་བ་ནི་དོན་དང་ལྡན་ཞིང་བཀའ་དབང་ཞུ་མཁན་གསར་པ་རྣམས་ལ་ཕན་ངེས་སུ་མཐོང་བས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ཡི་ཡོད། མཆོག་སྲས་ཨོ་སྟོབས་ཀྱིས་སློབ་མ་ཁག་གཅིག་ལ་ཆོས་བཤད་སྐབས། འགན་འཁུར་གྱི་བསམས་གཞིགས་མེད་ཁར་རྒྱུན་ལྡན་ཁོ་བས་ཚོར་བའི་ཐོག་ནས་ངན་པ་ལངས་ཤོར་ཡོད་པ་བཞིན་༧ གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་སྨོས་ཏེ་དྲ་ལམ་ནས་བཀའ་དབང་གནང་འཆར་དེས་བསྟན་པ་བཤིག་པའི་སྟ་རེ་ཆགས་ཚུལ་བཤད་པ་ནི། ཁོ་བས་མགོན་པོ་གང་ཉིད་དང་གཞན་ཁག་བར་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དབེན་པ་ཙམ་དུ་མ་ཟད་ཕུག་མདུན་ལ་བསམ་གཞིགས་ཙམ་ཡང་མེད་ཁར་དཔའ་བོ་ཡིན་མདོག་གིས་ཁོ་བའི་ངོ་གདོང་ཕྱིར་མངོན་པ་མ་ཚད་རང་སྨ་རང་གིས་ཕབ་པ་མངོན་གསལ་དུ་གྱུར་པ་ལས་གཞན་གང་ཡང་མ་མཐོང་།།

  3. ༡༩༩༣ ལོར་རྒྱལ་བ་རིན་པོ་ཆེའི་གསུངས་ལས། གཞི་རྩིའི་གསང་སྔགས་ཞེས་པ་ནི། གསང་བའི་ཐོག་ནས་བྱེད་དགོས་པའི་ལྟ་གྲུབ་ཞིག་ལ་གོ་དགོས། དེར་བརྟེན་ངེས་པར་དུ་གསང་བ་བྱེད་དགོས། ཆ་རྐྱེན་ལྡན་པའི་སློབ་མ་ཉུང་ཤས་ཙམ་ལ་མ་གཏོགས་མི་མང་པོ་ལ་དབང་སྐུར་བྱེད་མི་རུང་། ཁོང་གི་དུས་འཁོར་དབང་ཆེན་བསྐུར་བའི་དམིགས་ཡུལ་གཙོ་བོ་ནི་མི་མང་པོའི་དོགས་སྣང་དང་འདུ་འཛོམས་ཆེན་པོ་ཡོང་ཆེད་དུ་ཡིན། དབང་ངོ་མ་ཐོབ་མཁན་ཁ་ཤས་ཡིན་གྱི་རེད། དེ་ལ་བརྟེན་ནས་མི་མང་པོ་ལ་ནང་ཆོས་ངོ་སྤྲོད་དང་སེམས་པ་བཟང་པོ་བྱེད་དགོས་པའི་བསྐུལ་མ་བྱེད་པའི་གོ་སྐབས་བཟང་པོ་ཡོང་གི་འདུག་ཞེས་གསུངས་གནང་མཛད་འདུག་པ་དང་། མ་ཚད་གསང་སྔགས་ཉམས་ལེན་ཐོག་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་དགོངས་གཞི་གཅིག་མཚུངས་སུ། དེ་ལྟར་གསུངས་འདུག་པས། དེ་དོན་ཆབ་སྲིད་པ་དག་གིས་སངས་རྒྱས་ཀྱི་བསྟན་པ་ལ་འགྲེལ་ལོག་དང་རང་རྒྱལ་གཞན་ཕམ་གྱི་ཆབ་སྲིད་ཀྱི་སྣེ་མོར་རུ་འཁྲིད་མི་རུང་བ་ནི་མཁྱེན་པ་མཛོད།

  4. བསོད་ནམས་རྒྱལ་མཚན།

    སྦྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། དེ་ན་ གལ་སྲིད་དབང་ཐོབ་ཀྱི་མེད་ན་་་ སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཆོས་གནང་སྐབས་ང་ཚོ་ནི་མེད། མགོན་པོ་ཀླུ་སྒྲུབ་དང་ མཁན་ཆེན་ཞི་བ་མཚོ། གུ་རུ་རིན་པོ་ཆེ་ཁོང་རྣམས་སྐབས་སུ་ཡང་ ང་ཚོ་ནི་མེད། གལ་སྲིད་དེའི་སྐབས་ང་ཚོ་ཡོད་པ་ཡིན་ན་་་ སྐྱེད་དམན་དང་ཕྲུ་གུ་ཡོད་པ་་་ ལུས་ལ་གྲྭ་ཆས་གྱོན་ བླ་མའི་མིང་འཁྱེར་ནས་་་ སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱས་རིན་པོ་ཆེ་ ཕ་རྒན་ཕ་ནག་དེ་འདྲ་ཡོང་དོག་མེད། 😂 😂 😂 😅 གཡུ་ཐོག་སྐར་མ་དགེ་ལེགས་ ཁྱེད་རྩ་དགོང་ཞུས་ན་བཟང་། 👍

    1. བསོད་ནམས་རྒྱལ་མཚན་ཁྱོད་ཆོས་རིག་བཀའ་བློན་གྱི་མཛད་འགན་ལ་ཁྲག་དོག་ཡོད་པའི་གཏམ་དང་ཁོང་གིས་ཆོས་དང་མཐུན་པའི་མཛད་པ་ལ་ཡི་རང་མ་ཐུབ་ནའང་དགོངས་པ་ཞུ་དགོས་ཟེར་བ་ཁོང་འཕགས་པའི་དགེ་འདུན་པ་ལ་བཀུར་བ་བཏབ་པ་དང་མཚན་སྨས་ཞུས་པའི་མི་མང་པོའི་སེམས་ལ་ཕོག་པའི་སྡིག་པ་ས་ག་ཟླ་བའི་ནང་ལ་བསགས་པས་ཁྱོད་འགྲོ་ས་གཅིག་ལས་མེད།ཁོང་དགོངས་ཞུ་གི་ཡང་མ་རེད་དགོངྶ་པ་ཕུལ་གྱི་ཡང་མ་རེད།་དེས་ན་ཁྱེད་རང་གིས་བཟོད་གསོལ་ཞུས་ན་ལས་སྡིག་པ་ཉེན་རེ་བཞིན་འཕེལ་འགྲོ་བ་ཆོས་ཉིད་རེད།

      1. བློ་བཟང་ཆོས་སྐྱོབ།

        དེང་སང་གཞུང་ཞབས་ྙིང་པ་ཚོས་འཛིན་སྐྱོང་བཀའ་ཤག་ལ་ཡིད་ཆེས་མེད་ཁུལ་བཤད་པ་འདི་ཁོང་ཚོ་ཟམ་གདོང་བླ་མའི་སྐབས་སུ་མ་འཇོན་པ་ལ་ཡིད་ཆེས་དྲག་ནས་བཤད་པ་ཡིན་ནམ་ད་ལྟའི་བཀའ་ཤག་གིས་མཛད་རྗེས་ལ་ཁྲག་དོག་གིས་བཤད་པ་ཡིན་དེ་གཉིས་ལ་ཁྱད་པར་མི་འདུག
        ད་ལྟའི་བཀའ་ཤག་གི་ཆོས་རིག་བཀའ་བློན་འདི་ནང་བཞིན་དྲང་ཚུགས་བརྟན་པོ་གྲ་པ་ཡག་པོ་ཟམ་གདོང་བླ་མའི་སྐབས་ལ་གཅིག་ཀྱང་ཡོད་མ་རེད།ཟམ་གདོང་བླ་མའི་བྱ་བ་ཚང་མ་སྒྲིགས་འཛུགས་ཕུང་ལ་སྦྱར་བ་མི་དྲན་ནམ།