རྒྱའི་སྒོར་ཟུར་ལྔའི་ལས་ཀ་བྱེད་མཁན་ཚོས་ཞབས་མཆན་གང་བྱུང་སྤེལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཆོས་ཐད་གཏོང་ལ་ཞབས་མཆན་གང་བྱུང་སྤེལ་མཁན་རྒྱ་ནག་གཞུང་གི་སྒོར་ཟུར་ལྔའི་ལས་ཀ་བྱེད་མཁན་དྲ་དམག་ཁག་ཅིག་ཤེས་རྟོགས་བྱུང་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་། ཉེ་སྔོན་ཕྱི་ཟླ ༥ ཚེས་ ༡༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་སོགས་ངོ་དེབ་བརྒྱུད་ཐད་གཏོང་གནང་བཞིན་པ་དང་བསྟུན། རྒྱ་ཡིག་ཐད་གཏོང་སོགས་ཀྱི་ནང་བོད་རྒྱ་དབྱིན་གསུམ་དང་སོག་ཡིག་སོགས་ཀྱི་མིང་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་རྒྱ་ནག་གཞུང་ལ་ཡོད་ཚུལ་དང་། ཆོས་ལུགས་མ་གཏོགས་ཆབ་སྲིད་ལས་དོན་གནང་རྒྱུ་མིན་གསུངས་ཡོད་ཀྱང་། ཆོས་གསུང་བའི་ཞོར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དར་ཆ་འཕྱར་བཞིན་ཡོད་སྐོར་དང་། བོད་ནང་གི་བོད་མི་ཚོ་རྒྱ་ནག་གཞུང་གི་འོག་ཏུ་འཚོ་བར་བདེ་སྐྱིད་ལྡན་སྐོར་སོགས་དུས་རྒྱུན་རྒྱ་ནག་གཞུང་གིས་འུར་སྒྲོག་བྱེད་བཞིན་པའི་སྐད་ཆ་རྣམས་ཡང་དང་བསྐྱར་དུ་སྤེལ་ཡོད་སྟབས། འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་ཞལ་པར་བརྒྱུད་དགའ་ལྡན་ཕོ་བྲང་གི་རྒྱ་ཡིག་དྲུང་ཆེ་ཚེ་རྒྱམ་ལགས་སུ་གནད་དོན་དེའི་སྐོར་དྲིས་པར་ཁོང་གིས། དྲ་རྒྱར་ཞིབ་འཇུག་བྱེད་མཁན་ཚོས་ཞིབ་འཇུག་བྱེད་སྐབས་ཞབས་མཆན་པ་དེ་ཚོ་ནི་རྒྱ་ནག་གི་སྒོར་ཟུར་ལྔའི་ལས་ཀ་བྱེད་མཁན་དེ་འདྲ་ཡིན་པ་ཤེས་རྟོགས་བྱུང་སྐོར་གསུངས་བྱུང་།

དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་སྤྱིར་བཏང་༧གོང་ས་མཆོག་གི་ཐད་གཏོང་འོག་ཞབས་མཆན་འབྲི་མཁན་ཉེ་སྔོན་༧གོང་ས་མཆོག་གིས་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གནང་སྐབས་ནས་མང་རུ་ཕྱིན་ཡོད་པ་དང་། དེའི་སྔོན་ལ་དེ་འདྲ་ཁྱོན་ནས་ཡོད་པ་མ་རེད། མཆན་དེ་དག་འབྲི་མཁན་ལ་ཞིབ་འཇུག་བྱས་པ་ཡིན་མོད་དེ་སྔོན་འབྲི་མཁན་དང་དེ་རིང་འབྲི་མཁན་ཚང་མ་བརྒྱ་ཆ་ ༩༠ ངོ་དེབ་སྤྱོད་མཁན་དང་མཆན་གྱི་ནང་དོན་ཧ་ལམ་ཚང་མ་གཅིག་པ་རེད། གནས་ཚུལ་དེ་དག་དྲ་རྒྱ་ལ་ཞིབ་འཇུག་བྱེད་མཁན་ཚོར་ལྟ་བཅུག་པར་མཆན་ཡིག་དེ་དག་ཐོག་མར་རྒྱ་ཡིག་ནང་བྲིས་ཏེ། རྒྱ་ནག་གཞུང་གིས་བཟོས་ཡོད་པའི་ཡིག་སྒྱུར་མ་ལག་སྤྱད་ནས་བོད་ཡིག་ལ་སྒྱུར་བཞིན་ཡོད་པ་དང་། ནང་དོན་ཀྱི་ཆ་ནས་གསལ་བོ་ཤེས་ཐུབ་པ་མ་ཟད་མཆན་ཡིག་དེ་དག་ནང་འདྲ་མིན་མང་པོ་མེད་པར། ཚིག་དུམ་རེ་གཉིས་ཤིག་ཡང་དང་བསྐྱར་དུ་གཏོང་བཞིན་ཡོད་སྐོར་གསུངས་བྱུང་།

ཐད་གཏོང་ནང་ཞབས་མཆན་གང་བྱུང་མང་པོ་བྲིས་པ་དེས་མི་མང་པོ་ཞིག་ལ་སེམས་བརྣལ་དུ་ཕབ་ནས་གསུང་ཆོས་ཞུ་རུ་མ་བཅུག་པར་སུན་པོ་དང་མ་སྐྱིད་ཡོང་གི་ཡོད་སྟབས། མ་འོངས་པར་དེའི་ཐད་ལ་ག་རེ་གནང་རྩིས་ཡོད་མེད་དྲིས་པར་ཁོང་གིས། གནས་ཚུལ་དེའི་སྐོར་ལ་བསམ་ཚུལ་མང་པོ་ཡོང་གི་ཡོད་པ་དང་། རིགས་གཅིག་གིས་ཞབས་མཆན་དེ་དག་བཀག་འགོག་བྱེད་མི་དགོས་པར་ཁོ་རང་ཚོས་ལྟ་ཉན་བྱས་ན་ཡག་པོ་ཡོད་པ་དང་། ང་ཚོར་གནོད་པ་གང་ཡང་མེད་སྐོར་བཤད་མཁན་འདུག་ལ། ཡང་བསམ་འཆར་གཅིག་དེ་ཞབས་མཆན་དེ་དག་བཀག་འགོག་དགོས་པ་དང་གསུང་ཆོས་ལ་དངོས་སུ་ཉན་མཁན་ཚོར་གནོད་པ་སྐྱེལ་བཞིན་ཡོད་སྐོར་བཤད་ཀྱི་མཁན་འདུག དེ་རིང་ནས་བཟུང་ང་ཚོའི་ངོས་ནས་ཞབས་མཆན་དེ་དག་ལ་ལྟ་འདོད་མེད་མཁན་དང་། མཆན་དེ་མཐོང་ནས་སེམས་མ་སྐྱིད་པ་ཡོང་མཁན་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེའི་རྒྱ་ཡིག་དྲ་རྒྱའི་ནང་དུ་ཕེབས་པ་ཡིན་ན། རྒྱ་ཡིག་དྲ་རྒྱའི་ནང་མཆན་མེད་པ་བཟོས་ཡོད་ལ་དེ་རིང་ལྷག་པར་དེ་སྔོན་དང་མི་འདྲ་བ་ཞིག་ལ་ངོ་དེབ་ནང་ལྟ་མཁན་མང་པོ་མེད་པར་མང་ཆེར་བས་དྲ་རྒྱ་བརྒྱུད་ལྟ་བཞིན་ཡོད་པ་དང་། ཐེངས་འདིར་ངོ་དེབ་ནང་མི་གྲངས་ ༢༠༠༠ ཙམ་ལས་མི་ ༧༠༠༠ ལྷག་གིས་དྲ་རྒྱ་ནས་ལྟ་ཉན་བྱེད་བཞིན་ཡོད་སྐོར་གསུངས་བྱུང་།

མཇུག་ཏུ་ཁོང་གིས་ཞབས་མཆན་འབྲི་མཁན་ཁྲོད་བོད་མིང་ཅན་སོགས་ཡོད་ན་ཡང་། དེ་དག་བོད་པ་མིན་པ་མཆན་འབྲི་སྟངས་དང་མཆན་ཡིག་སོགས་ནས་གསལ་བོ་ཤེས་ཐུབ་པ་དང་། དེ་བཞིན་གསུང་ཆོས་འོག་ལ་ཞབས་མཆན་དེ་འདྲ་བཀོད་པ་ཡིན་ན་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་དོ་ཕོག་གང་ཡང་འགྲོ་ཡི་མ་རེད་ལ། ང་ཚོའི་ངོས་ནས་མཆན་དེ་རིགས་ཀྱིས་སུན་པོ་བཟོ་བཞིན་ཡོད་ན་མི་སྒེར་གྱི་ངོས་ནས་བཀག་འགོག་བྱེད་ཐུབ་པས། དེ་ལྟར་བྱ་དགོས་པའི་གསལ་བསྒྲགས་ཤིག་ཀྱང་གནང་རྒྱུ་ཡིན་སྐོར་སོགས་གསུངས་བྱུང་།

གནད་དོན་དེ་དང་འབྲེལ་ནས་ བོད་དོན་ལས་འགུལ་བསྟི་གནས་ཁང་གི་བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བློ་བཟང་རྒྱ་མཚོ་ལགས་སུ། དེང་སང་ངོ་དེབ་དྲ་ལམ་ཁག་ཏུ་དྲ་མིང་རྫུན་མའི་འོག་ཕ་རོལ་བོར་གཞི་མེད་སྐྱོན་བརྗོད་དང་། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ཁག་ལ་ཞབས་མཆན་གང་བྱུང་སྤེལ་བཞིན་པ་དེར་བོད་མི་ཚོས་དེང་རབས་ཀྱི་བརྡ་འཕྲིན་སྤྱད་ནས་འགོག་རྒོལ་ག་འདྲ་བྱེད་དགོས་མིན་དྲིས་པར་ཁོང་གིས། སྤྱིར་ན་སྤྱི་ཚོགས་དྲ་ལམ་ཁག་གི་དཀའ་ངལ་ཆེ་ཤོས་ཤིག་ནི་དྲ་ཁུངས་རྫུམ་མའི་འོག་ཕ་རོལ་པོར་ཕོག་ཐུག་གཏོང་བ་དང་སུན་པོ་བཟོ་བཞིན་པ་དེ་རེད།  དཔེར་མཚོན་ཞིག་ལ་ཕྱི་ལོ་ ༢༠༡༩་ལོར་ངོ་དེབ་ལས་ཁུངས་ཀྱིས་ཟླ་ངོ་གསུམ་ཙམ་ནང་ངོ་དེབ་དྲ་ཁུངས་རྫུན་མ་ཐེར་འབུམ་ ༢ ལྷག་ཙམ་ནག་གསུབ་གཏོང་དགོས་བྱུང་ཡོད་པ་རེད། མི་སྒེར་བ་ཞིག་ལ་མཚོན་ན་མཆན་དང་སུན་ཙེར་དེ་དག་རང་ངོས་ནས་གཙང་སེལ་དང་བཀག་འགོག་བྱ་རྒྱུ་ལས་ཐབས་ཤེས་གཞན་མེད་པ་དང་། ༧གོང་ས་མཆོག་གི་གསུང་ཆོས་ལྟ་བུར་དེ་ལྟར་བྱེད་མཁན་ཚོར་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གིས་འགན་འཁུར་ནས་ངོ་དེབ་ལས་ཁུངས་ལ་ཡར་ཞུ་བྱས་པ་ཡིན་ན། གཞུང་དང་ཚོགས་པ་སོགས་ཀྱིས་དེ་ལྟར་བྱས་ན་ངོ་དེབ་ལས་ཁུངས་ནས་དྲ་ཁུངས་རྫུན་མ་ཡིན་ན་ནག་གསུབ་གཏོང་གི་ཡོད་སྐོར་བརྗོད་བྱུང་།

ངོ་དེབ་དྲ་ཁུངས་རྫུན་མ་ཡིན་མིན་དང་ས་ཆ་གང་ནས་ཡིན་སོགས་རྩད་གཅོད་ག་འདྲ་བྱེད་ཐུབ་མིན་དྲིས་པར་ཁོང་གིས། ང་ཚོ་མི་དཀྱུས་མ་ཞིག་གི་ངོས་ནས་ངོ་དེབ་དྲ་ཁུངས་དེ་རྫུན་མ་ཡིན་མིན་མི་དེར་གྲོགས་པོ་ག་ཚོད་ཡོད་མེད་དང་། དྲ་ཁུངས་དེའི་ནང་མི་སུ་དང་སུ་ཡོད་སོགས་ནས་རྫུན་མ་ཡིན་མིན་ལྟ་རྒྱུ་ལས་ཐབས་གཞན་མེད་ན་ཡང་། ངོ་དེབ་ལས་ཁུངས་ལ་ཡར་ཞུ་བྱས་པ་ཡིན་ན་ཁོ་ཚོས་བཅོས་མའི་འཕྲུལ་རྩལ་སྤྱད་ནས་དྲ་ཁུངས་དེ་སུས་བཟོས་པ་དང་། ས་ཆ་གང་ནས་ཡིན་སོགས་ཤེས་རྟོགས་ཐུབ་པས་གཙོ་བོ་ཚོགས་པ་དང་སྒྲིག་འཛུགས་ངོས་ནས་དྲ་ལམ་ནས་སུན་པོ་དང་གནོད་སྐྱེལ་མཁན་རིགས་ཡར་ཞུ་བྱས་པ་ཡིན་ན་ཁོ་ཚོའི་རིགས་དེ་བཀག་འགོག་ཐུབ་པར་ཕན་ཐོགས་ཡོད་སྐོར་བརྗོད་བྱུང་།སྔར་ལོའི་ཕྱི་ཟླ་ ༩ པའི་ནང་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་གྱི་མི་སེར་བརྟག་དཔྱད་ཁང་(The Citizen Lab) དང་བོད་ཀྱི་གློག་ཀླད་ཛ་དྲག་གྲ་སྒྲིག་ཚན་ཁག་ (Tibetan Computer Emergency Readiness Team) གཉིས་མཉམ་འབྲེལ་ཐོག བོད་མི་ཚོར་མངོན་ལྐོག་གཉིས་ནས་གསང་མྱུལ་དྲ་འབུའི་འཇབ་རྒོལ་བྱས་ཡོད་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། དགའ་ལྡན་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ལ་དྲ་ལམ་འཇབ་རྒོལ་ཐེངས་མང་བྱེད་བཞིན་ཡོད་པ་དང་། དྲ་འབུ་དེ་དག་གི་དམིགས་འབེན་ཡང་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་ཡིན་པ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་པ་མ་ཟད། དྲ་འབུའི་འཇབ་རྒོལ་གྱི་ཉེན་ཁ་ལ་སྤྱི་ཚོགས་དང་སྒེར། སྤྱི་གཉེར་ཁང་ཚང་མས་ཕར་རྒོལ་མ་བྱས་པ་ཡིན་ན། བོད་མིའི་སྤྱི་ཚོགས་ཀྱི་དྲ་བ་བཀོལ་སྤྱོད་བྱེད་མཁན་ཚང་མ་ཉེན་ཁའི་གནས་སུ་ལྷུང་སྲིད་སྐོར་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༥/༢༩

Leave a Reply

One thought on “རྒྱའི་སྒོར་ཟུར་ལྔའི་ལས་ཀ་བྱེད་མཁན་ཚོས་ཞབས་མཆན་གང་བྱུང་སྤེལ།

  1. བསོད་ནམས་རྒྱལ་མཚན།

    དྲུང་ཆེ་ཚེ་རྒྱམ་ལགས། Good 👍 ཐོ་ཆེ་གནང་། ད་དུང་མུ་ཐུས་མི་མང་ལ་་་ གཙང་བཤལ་དང་དོགས་བསལ་གནང་རོགས་གནང་།