ཐབས་ལམ་གཞན་མེད་ན་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱ་རྒྱུ་ཡིན།

རྒྱ་ནག་དམག་དོན་ལྷན་ཁང་གི་དམག་བྱུས་གྲ་སྒྲིག་ཚན་པའི་མགོ་འཁྲིད་ཀྱིས་ཐའེ་ཝན་གྱིས་མུ་མཐུད་རང་བཙན་རྩོད་ལེན་བྱས་ན་དྲག་དམག་གིས་བཙན་འཛུལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་བསྒྲགས།

དེ་རིང་ཕྱི་ཚེས་ ༢༩ ཉིན་པེ་ཅིན་གྱི་མི་མང་ཚོག་ཁང་ཆེན་མོའི་ནང་རྒྱ་ནག་གཞུང་གིས་ཁ་བྲལ་རྒོལ་རྡུང་གི་ཁྲིམས་གཏན་འབེབ་བྱས་ཏེ་ལོ་ངོ་ ༡༥ འཁོར་བའི་མཛད་སྒོའི་ཐོག ཐའེ་ཝན་གྱི་རང་བཙན་འགོག་ཐབས་སུ་ཐབས་ལམ་གཞན་མེད་ཚེ། དྲག་དམག་གིས་བཙན་འཛུལ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

མཛད་སྒོའི་ཐོག་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་བྱུས་གྲ་སྒྲིག་ཁང་གི་མགོ་འཁྲིད་ལི་ཙོ་ཁྲིན (Li Zuocheng) གྱིས། ཐའེ་ཝན་གྱི་དཀའ་རྙོག་སེལ་བར་རྒྱ་ནག་གཞུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་འགྱུར་བ་མེད་པ་དང་། གལ་སྲིད་ཞི་བའི་ངང་གཅིག་གྱུར་བཟོ་བའི་རེ་བ་བརླག་ཚེ། ཐའེ་ཝན་མི་མང་ཚུད་པའི་རྒྱལ་ཡོངས་ཀྱི་མི་མང་དང་ལྷན་དུ། དྲག་དམག་གིས་བྱེད་ཐབས་ཡོངས་ལ་བརྟེན་ནས་སེམས་ཐག་གཙང་བཅད་ཀྱིས་ཁ་བྲལ་གྱི་བྱུས་བཤམ་པ་དང་བྱ་འགུལ་རྩོམ་མཁན་རྣམས་ཕམ་པར་བྱ་ངེས་ཡིན་སྐོར་དང་། ཐའེ་ཝན་མཚོ་འགག་གི་བརྟན་བརླིང་དང་སྟངས་འཛིན་བྱ་ཆེད། རྒྱ་ནག་གཞུང་གིས་དྲག་ཤུགས་སྤྱོད་སྲིད་སྐོར་སོགས་བརྗོད་དེ་རྒྱ་ནག་གི་དམག་སྡེ་ཕྱོགས་ནས་ཐའེ་ཝན་ལ་དྲག་ཤུགས་སྤྱོད་པར་གྲ་སྒྲིག་ཡིན་ཚུལ་བརྗོད་འདུག

དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་མཐོ་ཤོས་གསུམ་པ་དང་རྒྱ་ནག་དམངས་འཐུས་ཀྱི་ཚོགས་གཙོ་ལི་ཀྲན་སུའུ་ (Li Zhanshu) ཡིས་ཀྱང་། ཞི་བདེ་ངང་དཀའ་རྙོག་སེལ་བའི་གོ་སྐབས་ཕྲ་མོ་ཞིག་ཇི་སྲིད་བར་དུ་ཡོད་ཚེ། ང་ཚོས་དེའི་ཐོག་ལྡབ་བརྒྱ་ཕྲག་གིས་འབད་བརྩོན་བྱ་རྒྱུ་ཡིན། འོན་ཀྱང་། ང་ཚོས་ཐའེ་ཝན་གྱི་ཁ་བྲལ་བ་དང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཐའེ་ཝན་རང་བཙན་བྱེད་པ་ནི་འགྲུབ་མི་སྲིད་པ་ཞིག་ཡིན་པ་དང་། སུ་ཞིག་གིས་དེར་བརྩོན་ལེན་བྱས་ཚེ་དེ་ལ་ཁྲིམས་ཀྱིས་ཉེས་ཆད་ལྕི་མོ་གཅོད་པའི་ཉེན་བརྡ་གཏོང་གི་ཡོད། ཅེས་བརྗོད་འདུག

དེ་བཞིན་ཐའེ་ཝན་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐའེ་ཝན་མི་མང་གིས་ནམ་ཡང་སྲིད་དབང་སྒེར་འཛིན་ལམ་ལུགས་མི་འདེམས་པ་མ་ཟད། འཚེ་བའི་སྤྱོད་པ་ལ་མགོ་སྒུར་རྒྱུ་མིན་སྐོར་དང་། དྲག་ཤུགས་དང་ཕྱོགས་ཁག་གི་ཐག་གཅོད་ནི་དཀའ་རྙོག་སེལ་བའི་ཐབས་ལམ་ཞིག་མིན་ལ།
དྲག་ཤུགས་ཀྱིས་འཇིགས་སྐུལ་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་ཡོད་པ་མ་ཟད། ཐའེ་ཝན་ནི་ནམ་ཡང་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་མིན་ལ། རྒྱ་ནག་གཞུང་གིས་ཐའེ་ཝན་མི་མང་ས་ཡ་ ༢༣ ཡིས་ངོས་ལེན་བྱེད་ཀྱི་མེད་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་ཨུ་ཚུགས་བྱེད་པ་ལས། པེ་ཅིན་གྱིས་ཞི་བདེ་དང་དམངས་གཙོ། གྲོས་མོལ་གཞི་རྩར་བཞག་སྟེ་མཚོ་འགག་གི་དཀའ་རྙོག་སེལ་ཐབས་བྱ་དགོས་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཤིག་ཡིན་པ་དང་། ཐའེ་ཝན་ལ་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་གྱི་སྲིད་བྱུས་འཛིན་པའི་ཐོབ་ཐང་མེད་པ་བརྗོད་ཀྱི་ཡོད་ནའང་། ཕྱི་ལོ་ ༢༠༡༦ ལོར་ཐའེ་ཝན་གྱི་དམངས་གཙོ་ཚོགས་པ་ནས་ཡིན་པའི་ལྕམ་ཚའེ་ཡེ་ཝིན་མཆོག་ཐའེ་ཝན་གྱི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་དང་། ཐའེ་ཝན་ནི་སྔར་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་བརྗོད་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེ་ཝིན་ནི་ཁ་བྲལ་བ་ཞིག་དང་ཐའེ་ཝན་རང་བཙན་རྩོད་མཁན་ཞིག་ཡིན་པར་སྙོན་འཛུགས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་གནོན་ཤུགས་འདྲ་མིན་སྤྲོད་ཀྱི་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་གཟིགས་ཞིབ་ཚོགས་ཁོངས་ནས་ཀྱང་ཕུད་ཐབས་བྱས་ཡོད་པ་རེད། སྤྱིར་རྒྱ་ནག་གཞུང་གིས་ཐའེ་ཝན་ལའང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་རྒྱ་ནག་གི་ཁུངས་སུ་བསྡུ་ཐབས་བྱེད་ཀྱི་ཡོད་ནའང་། འདས་ལོར་ཧོང་ཀོང་ནང་གཞུང་རྒོལ་ལས་ཤུགས་ཆེན་བྱུང་བར་བརྟེན། འདི་ལོའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུའི་སྐབས་ལྕམ་ཚའེ་ཡེ་ཝིན་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ནི་ཕམ་ཉེས་བྱུང་བའི་སྲིད་བྱུས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཏེ། སྲིད་འཛིན་གྱི་འོས་བསྡུའི་སྐབས་ཁོང་མོར་མང་མོས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༢༩

Leave a Reply