ཐུགས་རྗེ་ཆེན་པོའི་བཀའ་དབང་དང་སྤྱན་རས་གཟིགས་སེངྒེ་སྒྲ་ཡི་རྗེས་གནང་བཀའ་དྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ང་རང་ཚོ་ལས་འབྲེལ་བྱུང་ནས་བསམ་པ་རྣམ་དག་གིས་བླ་མ་དང་སློབ་མའི་འབྲེལ་བ་ཡོད་པས་ང་ཚོ་ཚེ་རབས་ནས་ཚེ་རབས་ཏུ་མུ་མཐུད་ནས་ལས་ཀྱི་འབྲེལ་བ་ཡོང་བསྡད་ཀྱི་རེད་ཅེས་བཀའ་སློབ་བཟང་པོ་བསྩལ།དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད། ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་དང་། སྤྱན་རས་གཟིགས་སེང་གེ་སྒྲ་ཡི་རྗེས་གནང་བསྩལ་གནང་མཛད་སྐབས། སངས་རྒྱས་ཀྱི་ལུངས་རྟོགས་ཀྱི་བསྟན་པ་འཛིན་རྒྱུ་དེ་བཤད་པ་དང་སྒྲུབ་པ་ཁོ་ན་མ་གཏོགས་གཞན་ལྷ་ཁང་རྩིག་པའི་བཟོ་ལྟ་བུ་དང་། མཆོད་ཆས་བཟོ་རྒྱུ་ལྟ་བུ་དེ་འདྲ་ཙམ་གྱིས་ཕན་གྱི་མེད་སྐོར་གྱི་བཀའ་སློབ་བསྩལ་གནང་མཛད་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཕགས་པ་སྤྱན་རས་གཟིགས་སྙིང་རྗེ་ལྷ་སྒོམ་ནས་བསམ་བློ་བཏང་བ་ཡིན་ན། རང་བཞིན་གྱིས་སེམས་ལ་ཞི་བདེ་བསླེབ་རྒྱུ་ཞིག་ཡོད་རེད། སྔར་བླ་མ་དེ་འདྲས་གསུང་རྒྱུ་ཡོད་པ་རེད། ཡི་དམ་གྱི་སྔགས་དེ་འདྲ་བགྲངས་ན་ཞི་ཚོགས་ཀྱི་ལས་བསྒྲུབ་རྒྱུ་ལྟ་བུའི་ཀུན་སློང་བསླེབས་ཡོང་གི་རེད། མ་ཎི་བགྲངས་ན་སེམས་ཅན་ཐམས་ཅད་ཅེས་རང་བཞིན་གྱིས་བློ་ལ་སླེབས་ཡོང་གི་རེད་ཅེས་གསུང་གི་ཡོད་པ་རེད། དེ་བདེན་པ་ལྟ་བུ་རེད། མ་ཎི་བགྲངས་ནས་གཡང་སྒྲུབ་བྱེད་ཀྱི་ཡོད་ཟེར་བ་ལྟ་བུ་དང་། མ་ཎི་བགྲངས་ནས་དབང་བསྡུས་བྱེད་ཀྱི་ཡོད་ཟེར་བ་ལྟ་བུ་གང་ཡང་མི་འདུག་ཨཱ། ཡང་འུ་ཐུག་ན་མ་ཎི་བགྲང་གིན་བགྲང་གིན་རྒྱགས་པ་གཞུ་རྒྱུ་དེ་འདྲ་ཡོང་སྲིད་པ་རེད་མ་གཏོགས། མ་ཎིའི་ཐོག་ནས་ཞི་ཚོགས་ཀྱི་ལས་བསྒྲུབ་རྒྱུའི་བསམ་བློ་ཁྱོན་ནས་ཡོད་པ་མ་རེད། དེར་བརྟེན་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་དེ་སྦྱིན་རླབས་ཆེན་པོ་ཞིག་ཡིན་བསྡད་པ་རེད། དེ་ནས་ཁ་སང་ཞུས་ཚར་བ་ལྟར། ང་རང་ཚོ་བོད་གངས་ཅན་གྱི་ལྷག་པའི་ལྷ་སྐལ་ཆགས་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་རེད། ཅེས་གསུངས་སོང་།

ཐུགས་རྗེ་ཆེན་པོའི་བཀའ་དབང་ལེགས་པར་གྲུབ་རྗེས་༧གོང་ས་མཆོག་ནས། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །ཞེས་རྗེ་རིན་པོ་ཆེའི་རྣམ་ཐར་དེ་འདྲ་རེད་ལ། ང་རང་གི་ཡང་དེ་ལྟར་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས་ཕན་པའི་སེམས་ཀྱིས། ཁྱེད་རང་ཚོ་དངོས་སུ་མིའི་རྟེན་དུ་ཡོད་མཁན་ཙམ་དུ་མ་ཟད་པར། ངས་རྟག་པར་སྨོན་ལམ་བརྒྱབ་ནས་སྡོད་ཀྱི་ཡོད་པ་ནང་བཞིན། དེ་སྔོན་བསམ་བློ་ནན་ཏན་བྱས་ནས་བཏང་བ་ཡིན། ནམ་མཁའི་མཐར་གཏུག་པའི་སེམས་ཅན་སྤྱི་དང། ལྷག་པར་དུ་འཛམ་བུ་གླིང་འདིའི་སྟེང་གི་འགྲོ་བ་མི་གཙོ་བོར་གྱུར་པའི་མི་མ་ཡིན་ལ་སོགས་པ་ཚང་མ་མིག་འོག་ཏུ་བཅུག་ནས་སྨོན་ལམ་བརྒྱབ་པ་ཡིན། དེ་ནས། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ཐམས་ཅད་གཉེན་དུ་བཀུག དེ་ནས་དེ་རིང་ལས་འབྲེལ་ལྟ་བུ་བཞག་ནས་མགོ་བཙུགས་བཞག་པ་འདིས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་གསུངས་པ་ནང་བཞིན། ང་རང་ཚོས་ག་ཏེ་ག་ཏེ་ཟེར་བའི་ལམ་བགྲོད་རྒྱུའི་མགོ་དེ་རིང་བཙུགས། དེ་ནས་ཚེ་རབས་ནས་ཚེ་རབས་སངས་རྒྱས་ཀྱི་བསྟན་པ་དང་མ་འབྲལ་བ་བྱས་ནས་རིམ་པས་ས་ལམ་བགྲོད་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་ཆེད། ངས་སྨོན་ལམ་བརྒྱབ། ཁྱེད་རང་ཚོས་ཀྱང་དེ་དེ་བཞིན་སྨོན་ལམ་རྒྱོབས། ཤེས་སོང་ངམ། དེ་འདྲ་གནང་ཤོག་ཨང་། ཅེས་བཀའ་སློབ་བཟང་པོ་སྨིན་བསྩལ་མཛད།

དེ་བཞིན་མགོན་པོ་མཆོག་གིས། ཁྱེད་ཚོ་ཚང་མས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུངས་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ལུངས་རྟོགས་ཀྱི་བསྟན་པ་འཛིན་རྒྱུ་དེ་བཤད་པ་དང་སྒྲུབ་པ་ཁོ་ན་མ་གཏོགས་གཞན་ལྷ་ཁང་རྩིག་པའི་བཟོ་ལྟ་བུ་དང་། མཆོད་ཆས་བཟོ་རྒྱུ་ལྟ་བུ་དེ་འདྲས་ཕན་གྱི་མ་རེད། གང་ལྟར་ང་རང་ཚོས་སངས་རྒྱས་ཀྱི་ལུངས་རྟོགས་ཀྱི་བསྟན་པ་འདི། རང་གཞན་གྱི་རྒྱུད་ལ་གོང་ནས་གོང་དུ་རྒྱ་ཆེར་སྤེལ་ཆེད། གཙོ་བོ་སོ་སོས་དཔེ་ཆ་ཡག་པོ་བལྟས། སློབ་གཉེར་བརྒྱབ། དེ་ནས་སོ་སོའི་བློ་དང་འཚམ་པའི་གཞུང་རྒྱས་བསྡུས་གང་ཡིན་ནའང་དེ་འདྲའི་དཔེ་ཆར་བལྟས། དེ་ནས་དཔེ་ཆར་བལྟས་པའི་དོན་ལ་ཡང་ནས་ཡང་དུ་བསམ། དེ་ནས་ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས། དེ་ནས་བསམ་བྱུང་གི་ཤེས་རབ་སྐྱེས་ཡོང་དུས་སེམས་ལ་ཚོར་བ་ཡོད་བསྡད་པ་ཞིག་ཆགས་གི་རེད། དཔེར་ན་བྱང་ཆུབ་ཀྱི་སེམས་དང་པོ་ཐོས་བྱུང་གིས་ཡག་པོ་རེད་འདུག་བསམ་པ་ཞིག་ཡོང་གི་རེད་བ། དེ་ནས་ཁོ་ཡང་ཡང་བསམ་བློ་བཏང་ཡོང་དུས་སེམས་ཀྱི་གཏིང་ནས་བྱང་ཆུབ་ཀྱི་སེམས་ཟེར་བ་འདི་མ་སྒོམ་པ་ཐབས་མི་འདུག་བསམ་པའི་ངེས་པ་རྙེད་རྒྱུ་ཞིག་ཡོང་གི་འདུག དེ་ཐོས་བྱུང་གིས་གོ་བ་བཙལ། བསམ་བྱུང་གིས་ངེས་པ་སྐྱེས། དེ་ནས་ཡང་ནས་ཡང་དུ་གོམས་འདྲིས་བྱས་ཡོང་དུས་རིམ་པས་རིམ་པས་མྱོང་བ་སྐྱེ་འོང་རྒྱུ་ཞིག་ཡོད་པ་རེད། ཐོས་བྱུང་གི་ཤེས་རབ་དང་། བསམ་བྱུང་གི་ཤེས་རབ། དེ་ནས་སྒོམ་བྱུང་གི་ཤེས་རབ་དེ་ཏིང་ངེས་འཛིན་གྱི་གྲོགས་དང་བཅས་པ་རིམ་པས་རིམ་པས་ཡོང་གི་ཡོད་པ་རེད་དེ། སྔོན་ལ་བསྒོམས་ནས་གང་ལ་གང་འཚམ་གྱི་ཉམས་མྱོང་སྐྱེ་ཐུབ་པ་ཞིག་ཡོང་དགོས། འདི་ཁྱེད་རང་ཚོ་ཚང་མས་དགོངས་པ་ལ་བཅང་དགོས།  ཞེས་བཀའ་སློབ་བསྩལ་སོང་།

བཀའ་དབང་གི་མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚེ་འདི་ལ་ང་རང་ཚོ་ལས་འབྲེལ་བྱུང་ནས་བསམ་པ་རྣམ་དག་གིས་བླ་མ་དང་སློབ་མའི་འབྲེལ་བ་ཡོད་པ་རེད། འདི་འདྲ་ཡིན་དུས་ང་ཚོ་ཚེ་རབས་ནས་ཚེ་རབས་མུ་མཐུད་ནས་ལས་ཀྱི་འབྲེལ་བ་ཡོང་བསྡད་ཀྱི་རེད། དེ་ནས་ཚང་མ་བློ་བདེ་པོ་བྱས་ནས་བཞུགས། ཧུར་ཐག་གནང་ཤོག་ཨང་། ཞེས་དང་། བར་སྐབས་རིམས་ནད་འདིས་མི་ཐུག་རྒྱུ་ཏོག་ཙམ་དམ་དྲག་བྱུང་ཡོད་ཀྱང་། དྲ་རྒྱའི་ཆ་རྐྱེན་འཛོམས་པོ་ཡོད་སྟབས་ཁྱབ་ཆེན་པོ་བྱུང་སོང་། དེ་ནས་ནད་ཡམས་ཀྱིས་ཕར་ཚུར་མི་ཐུག་རྒྱུར་དམ་དྲག་བྱས་པ་དེས། ང་ལ་གུང་གསེང་རག་པ་རེད། ང་ལྷོད་ལྷོད་བྱས་ནས་སྡོད་ཀྱི་ཡོད། ཅེས་བཀའ་སློབ་བཀའ་དྲིན་བསྐྱངས་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༣༠

Leave a Reply

One thought on “ཐུགས་རྗེ་ཆེན་པོའི་བཀའ་དབང་དང་སྤྱན་རས་གཟིགས་སེངྒེ་སྒྲ་ཡི་རྗེས་གནང་བཀའ་དྲིན་བསྩལ།