རྒྱ་གར་རྒྱལ་ཡོངས་ནང་རྒྱ་ནག་གི་ཐོན་རྫས་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས།

རྒྱ་དཀར་ནག་བར་གྱི་མངའ་ཁོངས་བདག་དབང་གི་རྩོད་རྙོག་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས་རྒྱ་གར་རྒྱལ་ཡོངས་ནང་རྒྱ་ནག་གི་འཕྲུལ་རིགས་ཐོན་རྫས་སྤྱོད་མཚམས་བཞག་སྟེ་མཚོན་ཆ་ཙམ་མིན་པར་དངུལ་ཁུག་གིས་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་བྱས།རྒྱ་ནག་གཞུང་གིས་ལ་དྭགས་ས་མཚམས་ཕྱོགས་སུ་སྲུང་དམག་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་མ་ཟད། རྒྱ་གར་ནང་འཛུལ་ཏེ་ཕྱོགས་གཉིས་ཀྱི་བར་འཛིང་རེས་བྱུང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལ་དྭགས་ཡུལ་མི་གློག་བརྙན་འཁྲབ་སྟོན་པ་དང་འཆར་འགོད་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས། རང་ཉིད་ནས་མགོ་བརྩམས་ཏེ་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་གིས་བཟོས་པའི་མཉེན་ཆས་བདུན་ཕྲག་གཅིག་གི་ནང་ཚུད་དུ་སྤྱོད་མཚམས་འཇོག་རྒྱུ་དང་། འཕྲུལ་ཆས་རྣམས་ལོ་གཅིག་གི་ནང་སྤྱོད་མཚམས་འཇོག་པའི་ལས་འགུལ་ཞིག་སྤེལ་ཏེ། རྒྱ་གར་རྒྱལ་ཡོངས་ནས་མཉམ་ཞུགས་བྱེད་པའི་འབོད་སྐུལ་བྱས་འདུག

ཁོང་གིས་བརྙན་ལམ་ནས་ལས་འགུལ་སྐོར་འགྲེལ་བརྗོད་བྱས་པའི་ནང་། ཕྱོགས་གཅིག་ནས་ང་ཚོའི་དམག་གིས་མཐའ་མཚམས་ནས་རྒྱ་དམག་ལ་རྒོལ་གྱི་ཡོད་པ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ང་ཚོས་རྒྱ་ནག་གི་མཉེན་ཆས་ (TikTok app) སོགས་བེད་སྤྱོད་བྱེད་པ་དང་འཕྲུལ་ཆས་སོགས་ཉོས་ཏེ། རྒྱ་ནག་ལ་ཚོང་གི་ཕྱོགས་ནས་སྒོར་དུང་ཕྱུར་མང་པོའི་ཁེ་བཟང་སྤྲད་སྟབས། ང་ཚོར་འཐབ་འཛིང་ཆེད་ཁོ་ཚོས་རང་ཉིད་ཀྱི་མཐའ་སྲུང་དམག་མིར གོ་མཚོན་སྤྲོད་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

ཡང་ཁོང་གིས། ངས་རྒྱ་ནག་གིས་བཟོས་པའི་རང་ཉིད་ཀྱི་ཁ་པར་བདུན་ཕྲག་གཅིག་གི་ནང་ཚུད་དུ་བེད་སྤྱོད་གཏོང་མཚམས་འཇོག་གི་ཡིན་ལ། ལོ་གཅིག་གི་རིང་རང་ཉིད་ཀྱི་འཚོ་བའི་ནང་རྒྱ་ནག་ནང་བཟོས་པའི་དངོས་པོི་ཆ་ཚང་གཡུག་གི་ཡིན། མཐའ་མཚམས་སུ་དམག་མི་ཤུགས་ཆེར་འགྲེམས་འཇོག་བྱས་ཏེ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ནམ་རྒྱུན་ས་མཚམས་སུ་ཛ་དྲག་ཡིན་སྐབས་ང་ཚོས་མཐའ་དམག་གིས་ཡ་ལན་སློག་གི་རེད་སྙམ་གྱི་ཡོད་པ་རེད། འོན་ཀྱང་དེ་རིང་ངས་འདི་ནས་སྤྱི་མང་གིས་ཀྱང་ཡ་ལན་སློག་དགོས་པར་བརྗོད་འདོད་བྱུང་ལ། རྒྱལ་ས་ལྡི་ལི་དང་བྷང་ལོར། མུམ་བྷེ་གྲོང་ཁྱེར་ལྟ་བུ་སོགས་ན་ཡོད་པའི་མི་མང་ལ་བརྗོད་འདོད་བྱུང་། ཅེས་ས་མཚམས་ཛ་དྲག་གི་སྐབས་རྒྱལ་ཁབ་ཀྱི་སྤྱི་མང་ཞིག་གི་ངོས་ནས་འགན་འཁུར་ལེན་དགོས་སྐོར་བརྗོད་འདུག

ཡང་ཁོང་གིས། ཏོག་དབྱིབས་ནད་ཡམས་འཛམ་གླིང་གང་སར་ཁྱབ་ཡོད་པར་བརྟེན། རྒྱ་ནག་གི་ཕྱིར་འདྲེན་ཚོང་ཟོག་རྒྱ་ནག་ནས་ཕྱི་ལ་འཁོར་རྒྱུག་མ་ཐུབ་པར་འགག་ཡོད་པ་དང་། བཟོ་ལས་ཁང་མང་པོ་ཞིག་སྒོ་བརྒྱབ་པའི་རྐྱེན་གྱིས། རྒྱ་ནག་ནང་ལས་མེད་ཀྱི་གྲངས་ཀ་ཡར་འཕར་གྱི་ཡོད་པ་དང་། ལས་མི་རྣམས་ཁོང་ཁྲོའི་ངང་ཡོད་པས། རྒྱ་གར་གྱི་མེ་མདའི་ཤུགས་ལས་དངུལ་ཁུག་གི་ཤུགས་སྤྱད་དེ་གདོང་ལེན་བྱ་དགོས་སྐོར་དང་། གལ་སྲིད་རྒྱ་གར་གྱི་མི་གྲངས་དུང་ཕྱུར་ ༡ ལྷག་གིས་རྒྱ་ནག་ནང་བཟོས་དངོས་ཟོག་ཉོ་མཚམས་བཞག་ཚེ། དེས་རྒྱ་ནག་ལ་རྒྱལ་སྤྱི་རང་བཞིན་གྱི་ཤུགས་རྐྱེན་ཞིག་ཐེབས་ངེས་ལ། རྒྱ་གར་རང་གི་བཟོ་ལས་ཁང་དང་ལས་མི་ཚོར་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་ཡིན་སྐོར་སོགས་བརྗོད་འདུགཉེ་བའི་བདུན་ཕྲག་འགའི་རིང་རྒྱ་དཀར་ནག་གཉིས་ཀྱི་བར་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ལ་དྭགས་སྤང་ཀོང་མཚོ་ཁུལ་དུ་རྒྱ་དཀར་ནག་གི་དམག་མིའི་དབར་འཛིང་རེས་བྱུང་སྟེ་འགའ་ཤས་ལ་རྨས་སྐྱོན་བྱུང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་བྱང་ཕྱོགས་འབྲས་ལྗོངས་ཀྱི་སྣ་ཐོད་ལར་ཕྱོགས་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་སྟེ། གྲོས་མོལ་ཐེངས་དྲུག་ལྷག་བྱུང་ཡོད་ནའང་། གནས་སྟངས་ཛ་དྲག་ཏུ་གྱུར་ཏེ་ཕྱོགས་གཉིས་སུ་དམག་ཤུགས་རྒྱ་བསྐྱེད་བཏང་།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་ཕྱི་སྲིད་མགྲིན་ཚབ་པ་ཨ་ནུ་རག་ཤྲི་ཝ་ཊ་ཝ་ (Anurag Srivastava) ཡིས། ས་མཚམས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་དང་སྟངས་འཛིན་འོག་ཡོད་སྐོར་བརྗོད་ཡོད་པ་རེད་ལ། ཕྱོགས་གཉིས་ནས་ཛ་དྲག་གི་གནས་བབ་ཞི་འཇགས་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད་ནའང་། ལྡི་ལི་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་སྲུང་ལ་ཐུག་ཚེ་རྒྱ་ནག་གཞུང་དང་མཉམ་འདུམ་འགྲིག་བྱ་རྒྱུ་མིན་ཚུལ་བརྗོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་བོད་དང་རྒྱ་གར་གྱི་མཐའ་མཚམས་དཀའ་རྙོག་སེལ་བར་རྒྱ་དཀར་ནག་གཉིས་ལ་ཨ་རིས་བར་འདུམ་གནང་འདུན་ཡོད་པ་དང་གནང་ཐུབ་ཚུལ་གྱི་རྣམ་འགྱུར་བསྟན་ཡོད་ལ། དེ་དང་འབྲེལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས། ས་མཚམས་ཀྱི་དཀའ་རྙོག་སེལ་བར་གང་ཟག་གསུམ་པ་ཞིག་གི་ཐེ་གཏོགས་དགོས་ཀྱི་མེད་ཚུལ་བརྗོད་ཡོད་པ་རེད་ལ། རྒྱ་གར་ཕྱོགས་ནས་ཀྱང་རྒྱ་ནག་གཞུང་ལ་ཞི་བའི་ངང་འགྲིག་འཇགས་ཡོང་བར་ཐད་ཀར་འབྲེལ་མོལ་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༥/༣༠

Leave a Reply

One thought on “རྒྱ་གར་རྒྱལ་ཡོངས་ནང་རྒྱ་ནག་གི་ཐོན་རྫས་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས།

  1. Hi 👋 Sonam. རྒྱ་དམར་གྱི་རྒྱ་གར་ས་ཐོག་ལ་ད་བར་ཧམ་འཛུལ་ནམ་ཡང་བྱེད་མྱོང་མེད། ཁོང་ཚོའི་ བོད་ཀྱི་ས་ཁོངས་ཡོངས་རྫོགས་དུས་རུབ་བྱེད་བཞིན་ཡོད། རྒྱ་གར་དང་བོད་ཀྱི་ས་མཚམས་ངོ་མ་དེ་ ཇམ་མུ་ནས་མ་ཡིན། རྒྱ་གར་གྱི་་་ བོད་དེ་རང་བཙན་རེད་ གཅིག་ཀྱང་ལབ་ཕོད་ཀྱི་མེད། དེའི་རྒྱུ་མཚན་ག་པ་ཐུགས་པ་ཡིན་ནམ་ ? China’s never done it Broke into India’s Sarah Up to now. Their Reunion The Whole Domain of Tibet’s Lands. India’s dared not say a word Tibet is Independence. Why is that ?