ཨ་རིའི་ནང་མི་རིགས་དཀར་ནག་གི་རྩོད་རྙོག་བྱུང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་དབུ་འཁྲིད་མང་པོས་ཨ་རིའི་ནང་མི་རིགས་ནག་པོའི་སྐྱེས་པ་ཞིག་གི་སྐེ་བཙུར་ཏེ་རྐྱེན་འདས་ཕྱིན་པའི་དོན་རྐྱེན་དེར་ཐུགས་འཚབ་གནང་འདུགརྒལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིའི་མངའ་སྡེ་མཱེ་ནི་སོ་ཊའི་ནང་ཉེན་རྟོག་པ་ཞིག་གིས། མི་རིགས་ནག་པོའི་ཨ་རིའི་མི་སེར་ཇོར་ཇི་ཧྥི་ལོཌ་ (George Floyd )ཟེར་བ་ཞིག་གི་སྐེ་བཙུར་ཏེ་རྐྱེན་འདས་སུ་ཕྱིན་པར་བརྟེན། ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་རྩོད་རྙོག་ཤུགས་ཆེ་རུ་ཕྱིན་ཏེ། ཁ་སང་ཨ་རིའི་ཕོ་བྲང་དཀར་པོའི་མདུན་གཙོས་པའི་ནེའུ་ཡོག་དང་ཨ་ཊི་ལན་ཊ། མཱེ་ནི་སོ་ཊ་སོགས་ཨ་རིའི་རྒྱལ་ཡོངས་སུ་མི་མང་བརྒྱ་ཕྲག་མང་པོ་ཡར་ལངས་བྱས་ཏེ་ཉེན་རྟོག་པར་དང་དྲག་པོའི་གདོང་ཐུག་ཤུགས་ཆེན་བྱུང་ཡོད་པ་མ་ཟད། གཞུང་ནས་སྐུ་ཞབས་ཇོར་ཇཱི་ལགས་ཀྱི་ཤི་རྐྱེན་ལ་དྲང་བདེན་གྱི་ཐག་གཅོད་དང་མི་རིགས་དཀར་ནག་གི་དབྱེ་འབྱེད་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་པ་རེད།

ཁ་སང་མཱེ་ནི་སོ་ཊ་མངའ་སྡེ་གཞུང་གིས་སྐུ་ཞབས་ཇོར་ཇཱི་ལགས་གསོད་མཁན་ཉེན་རྟོག་པ་ཌི་རེ་ཁི་(Derek Chauvin)ལགས་འཛིན་བཟུང་བྱས་ཏེ། ལས་གནས་ནས་གནས་དབྱུང་བཏང་བ་དང་མི་གསོད་ཀྱི་ནག་ཉེས་བཙུགས་ཡོད་པ་ལྟར། འབྱུང་འགྱུར་ཕྱི་ཟླ་ ༦ ཚེས་ ༡ ཉིན་མཱེ་ནི་སོ་ཊའི་ཧེ་ནི་པིན་རྫོང་ཁྲིམས་ཁང་(Hennepin County Court)དུ་ཉན་ཞིབ་དང་པོ་བྱེད་གཏན་འཁེལ་ཡོད་འདུག་ལ། དོན་རྐྱེན་འདིའི་ཁྲོད་ཉེན་རྟོག་པ་ཌི་རེ་ཁི་གཙོས་པའི་གཞན་ཡང་ཉེན་རྟོག་པ་ ༣ ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། ད་ལྟ་ཁོ་ཚོར་འདྲི་གཅོད་གཏོང་བཞིན་ཡོད་པ་དང་། དོན་རྐྱེན་ཁྲོད་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་ཡོད་ཚེ་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུགསྤྱིར་བཏང་དེང་སྐབས་ཨ་རིའི་མངའ་སྡེ་ཁག་ཏུ་ཁྱིམ་སྡོད་བཀའ་ཁྱབ་བཏང་ཡོད་ཀྱང་། ཁ་སང་མི་མང་གིས་ཁྱིམ་སྡོད་བཀའ་ཁྱབ་རྩིས་མེད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། སྲང་ལམ་དུ་ཡོད་པའི་རླངས་འཁོར་དང་ཉེན་རྟོག་ཁང་སོགས་མེར་སྲེག་གིས་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག ད་རེས་ཨ་རིའི་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་གནད་དོན་འདི་ཨ་རི་ཙམ་མ་ཟད། འཛམ་གླིང་གི་གནད་ཡོད་མི་སྣ་མང་པོས་དོ་འཁུར་བྱེད་ཡུལ་ཞིག་ཏུ་གྱུར་དོན་ནི། དོན་རྐྱེན་བྱུང་སྐབས་སྐུ་ཞབས་ཇོར་ཇཱི་ལགས་ཀྱིས་ཉེན་རྟོག་པ་ཌི་རེ་ཁི་ལགས་སུ་ཁོས་དབུགས་གཏོང་ལེན་མི་ཐུབ་པའི་ཞུ་བ་ཡང་ཡང་འཐེན་བཞིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་བརྒྱུད་ལམ་དུ་ཁྱབ་བརྡལ་ཤུགས་ཆེན་བྱུང་བས་ཡིན་པ་དང་། དོན་རྐྱེན་བྱུང་རྗེས་སྐུ་ཞབས་ཇོར་ཇཱི་ལགས་དྲན་པ་འཐོར་ཏེ་ཛ་དྲག་གནས་སྟངས་འོག་སྨན་ཁང་དུ་བསྐྱལ་ཡོད་ཀྱང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ནམ་རྒྱུན་ཨ་རིའི་ནང་མི་རིགས་དཀར་ནག་བར་རྩོད་རྙོག་ཆེན་པོ་ཡོད་པ་སོགས་ཀྱིས་ཡིན་པ་རེད།

མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་གནད་དོན་འདིའི་ཐད་ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ཆེན་པོའི་བཀའ་དབང་དབུ་འཛུགས་སྐབས། ཁ་སང་ངས་བརྙན་འཕྲིན་ནང་དེ་འདྲ་ཞིག་མཐོང་བྱུང་། སྙིང་རྗེ་ཨེ་མི་རི་ཁའི་མེ་ནི་སོ་ཊ་ལ་རེད། སྙིང་རྗེ། མི་ནག་གཅིག་མོ་ཊའི་འོག་ལ་རིལ་བསྡད་འདུག དེ་ནས་ཉེན་རྟོག་པ་མི་དཀར་པོ་ཞིག་གིས་མི་ནག་དེའི་སྐེའི་སྒང་ལ་པུས་མོ་བཙུགས་ནས་ཞེ་པོ་ཞིག་དངངས་སྐྲག་ཚ་བོ་བྱེད་ཡོང་གི་འདུག ད་མི་རིགས་དཀར་ནག་དབྱེ་བ་ཕྱེས་ནས་དེ་འདྲ་ཡོང་སྡོད་ཀྱི་འདུག་ཨ། དེར་བརྟེན་འཛམ་གླིང་འདིར་ཆོས་ལུགས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་འཐེན་འཁྱེར་བྱས་ནས་འཚེ་བ་བྱེད་རྒྱུ་ཞེ་དྲགས་ཡོང་གི་ཡོད་པ་རེད། གཞི་རྩའི་ཐོག་ང་ཚོ་མི་ཚང་མ་བྱམས་བརྩེའི་རང་བཞིན་ཅན་ཞིག་རེད། ཧ་ལམ་སྲོག་ཆགས་ཚང་མ་འཚོ་རྒྱུ་དེ་བྱམས་བརྩེས་འཚོ་དགོས་པ་རེད། ཅེས་གསུངས་སོང་བ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་དང་སྲིད་འཛིན་གཞོན་པ་ཟུར་པ་བྷ་ཌན་ (Joseph R. Biden Jr)སོགས་ཀྱིས་སྐྱོན་བརྗོད་གནང་ཡོད་པ་དང་། ཁ་སང་སྔ་དྲོར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཊི་ཝི་ཊར་བརྒྱུད་ངོ་རྒོལ་ལས་འགུལ་བས་སྐུ་ཞབས་ཇོར་ཇཱི་ལགས་སུ་རྗེས་དྲན་ཞུ་བཞིན་ཡོད་པས་ངོ་རྒོལ་ལས་འགུལ་སྤེལ་དུ་འཇུག་རྒྱུ་མིན་བརྗོད་ཡོད་ཀྱང་། དོན་རྐྱེན་ཁྲོད་ཁྲིམས་འགལ་བྱ་སྤྱོད་རིགས་སྤེལ་ཡོད་མེད་ལ་ཞིབ་འཇུག་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད།

སྐུ་ཞབས་ཇོར་ཇཱི་ལགས་ཀྱི་དོན་རྐྱེན་ནི་ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་དོན་རྐྱེན་གསར་ཤོས་དེ་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་མ་ཁེལ་(Michael Brown)ལགས་དང་གྷ་ནར་( Eric Garner)། ཕྱི་ལོ་ ༢༠༡༢ ལོར་མཱ་ཊིན་(Trayvon Martin)དང་ཛཱི་མར་མན་ (George Zimmerman)ལགས་བཅས་མི་རིགས་དཀར་པོའི་ཉེན་རྟོག་པའི་ལག་ནས་འདས་གྲོངས་སུ་ཕྱིན་ཏེ། སྔ་གཞུག་ཏུ་ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ལ་ངོ་རྒོལ་བྱུང་ཡོད་འདུག་ལ། ཨ་རིའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ཕྱོགས་རིས་ནི་དུས་རབས་ ༡༦ པ་ཙམ་ནས་མཚམས་མ་ཆད་པར་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༣༠

Leave a Reply