རྒྱ་གར་རྒྱལ་ཁབ་ཀྱི་མིང་དེ་བསྒྱུར་བཅོས་གཏོང་བའི་དུས་ལ་བསླེབས་འདུག

གནའ་རབས་ལོ་རྒྱུས་ལྟར་རྒྱ་གར་རྒྱལ་ཁབ་ཀྱི་མིང་ཨིན་ཌི་ཡ་ཞེས་པ་དེ་བྷ་རཏ་ཞེས་པར་བསྒྱུར་དགོས་པའི་ཞུ་སྙན་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཕུལ་འདུག

དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་མི་མང་གི་འདོད་དོན་ཁ་མཆུ་ཚོགས་པའི་ངོས་ནས་རྒྱ་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་རྒྱ་གར་གྱི་མིང་ཨེན་ཌི་ཡ་(India)ནས་བྷ་རཏ་(Bharat)ཞེས་བསྒྱུར་བཅོས་དགོས་པའི་ཞུ་སྙན་ཕུལ་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནད་དོན་དེའི་ཐོག་ཟླ་ ༦ ཚེས་ ༢ ཉིན་ཞུ་གཏུག་བྱེད་ཆོག་པའི་བརྡ་ཁྱབ་བཏང་ཡོད་འདུག

ཞུ་གཏུག་བྱེད་མཁན་གྱིས་བརྗོད་པ་ལྟར་ན། ཨེན་ཌི་ཡ་ཞེས་པ་ནི་དབྱིན་ཇིའི་དབང་སྒྱུར་བའི་མཚོན་དོན་ཞིག་ཆགས་ཀྱི་ཡོད་པ་དང་། མིང་དེས་རྒྱ་གར་ནི་ད་དུང་དབྱིན་ཇིའི་མངའ་འོག་དང་བྲན་གཡོག་པ་ཞིག་ཡིན་པ་མཚོན་གྱི་ཡོད་སྟབས། རྒྱ་གར་རྒྱལ་ཁབ་ཀྱི་མིང་དེ་གནའ་རབས་ཁྲོད་ཡོད་པ་བཞིན་བཅོས་བསྒྱུར་ཐུབ་ན་ད་གཟོད་རྒྱ་གར་རྒྱལ་ཁབ་འདི་ཕྱི་རྒྱལ་གྱི་དབང་སྒྱུར་ལས་ཡོངས་སུ་གྲོལ་ཐུབ་ཚུལ་བརྗོད་ཡོད་པ་མ་ཟད། མིང་བཅོས་བསྒྱུར་ལ་བརྟེན་ནས་རྒྱ་གར་གྱི་མི་རབས་གསར་པ་ཚོར་སོ་སོའི་རྒྱལ་ཁབ་ཀྱི་མི་སེར་ཡིན་པར་སྤོབས་པའི་ཚོར་ཤུགས་སྔར་མེད་ཅིག་འདྲེན་ཐུབ་ལུགས་ཀྱང་བརྗོད་ཡོད་པ་རེད།

ཞུ་གཏུག་པས་ད་དུང་རྒྱ་གར་གྱི་རྩ་ཁྲིམས་ནང་། ཨེན་ཌི་ཡའམ་ཡང་ན་བྷ་རཏ་ནི་མངའ་སྡེ་ཡོད་ཚད་མཉམ་འདུས་བྱེད་པ་ལ་ཟེར། ཞེས་འཁོད་ཡོད་པ་དེ། བྷ་རཏ་ཡང་ན་ཧིན་རྡུ་སི་ཐན་(Hindustan)ནི་མངའ་སྡེ་ཡོད་ཚད་མཉམ་འདུས་བྱེད་པ། ཞེས་བཅོས་བསྒྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད་འདུག

དེ་བཞིན་ཉེ་བའི་ལོ་ཤས་ནང་རྒྱ་གར་གྱི་གྲོང་འཁྱེར་མང་པོའི་མིང་ད་ཡོད་ལས་བཅོས་བསྒྱུར་གྱིས་ལོ་རྒྱུས་ཁྲོད་བྱུང་བའི་གནའ་རབས་ཀྱི་མིང་སླར་ཡང་བཏགས་ཡོད་སྟབས། ད་ཆ་རྒྱལ་ཁབ་ཀྱི་མིང་ཡང་བསྒྱུར་བཅོས་གཏོང་བའི་དུས་ཚོད་ཤར་སོང་ཞེས་ཀྱང་བརྗོད་ཡོད་པ་རེད།

མི་མང་འདོད་དོན་ཁ་མཆུ་ཚོགས་པ་ནི་ཐོག་མར་མི་མང་ཉམ་ཐག་ཚོའི་བདེ་སྡུག་དང་ཐོབ་ཐང་རྩོད་ལེན་ཆེད་གཙོ་བོར་དམིགས་ཏེ་བཙུགས་པ་ཞིག་ཡིན་པ་དང་། ཉེ་ཆར་ཚོགས་པ་དེས་རྒྱ་གར་རྒྱལ་ཁབ་ཀྱི་མིང་བཅོས་བསྒྱུར་ཆེད་ཁྲིམས་ཁང་དུ་ཞུ་གཏུག་བྱེད་པར་བསླེབས་སྐབས། རྒྱ་གར་གྱི་ཁྲིམས་རྩོད་པ་མང་པོ་ཞིག་གིས་ཚོགས་པ་དེ་བཙུགས་པའི་ཐོག་མའི་དམིགས་ཡུལ་ལས་བརྒལ་བར་བློ་ཕམ་ཡོད་ལུགས་དང་། ད་ཆ་ཚོགས་པ་དེས་འབྱོར་འབྲིང་གྲལ་རིམ་མི་མང་གི་འདོད་དོན་གཙོ་ཆེར་བཟུང་ནས་ཉམ་ཐག་མི་མང་དང་བར་ཐག་རིང་དུ་འགྲོ་བཞིན་པ་དེར་བསྐྱོན་བརྗོད་ཀྱང་བྱས་ཡོད་འདུག

རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་རྒྱ་གར་རྒྱལ་ཁབ་ཀྱི་ད་ཡོད་མིང་དེ་བསྒྱུར་བཅོས་དགོས་ལུགས་ཀྱི་སྙན་ཞུ་ཕུལ་བ་ད་རེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་རེད། ཕྱི་ལོ་ ༢༠༡༦ ཟླ་ ༣ པའི་ནང་མི་མང་འདོད་དོན་ཁ་མཆུ་ཚོགས་པ་དེས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་གནད་དོན་དེའི་ཐད་ཞུ་སྙན་ཕུལ་ཡོད་ཀྱང་། སྐབས་དེར་ཁྲིམས་དཔོན་ཚོས་མི་མང་གི་འདོད་དོན་ཁ་མཆུ་ཚོགས་པ་ཞེས་པ་དེ་ནི་ཉམ་ཐག་མི་མང་གི་ཐོབ་ཐང་རྩོད་ལེན་ཆེད་བཙུགས་པ་ཞིག་ཡིན་པར་དྲན་སྐུལ་བྱས་ཏེ་ཞུ་སྙན་དེ་རྩིས་མེད་བཏང་ཡོད་པ་མ་ཟད། ཁྲིམས་དཔོན་ཚོ་ཁྲིམས་ཁང་དུ་ལས་མེད་ལྟ་བུ་མཐོང་གི་འདུག་གམ་ཞེས་བཀའ་སྐྱོན་ཡང་ནན་པོ་བཏང་ཡོད་པ་རེད།

རྒྱ་གར་རྒྱལ་ས་ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༥/༣༠

Leave a Reply