རྒྱ་ནག་དམར་ཤོག་ཚོགས་པ་དེ་སྔོན་ལས་སྟོབས་ཤུགས་ཆེ་བ་ཡོད་པའི་འཇིགས་སྣང་འདུག

  གསར་འགོད་པ། པོལ་ཝོ་སྒྲི (Paul Wood)

སངས་རྒྱས་དཀོན་མཆོག་གིས་བསྒྱུར། 

དབྱིན་ཡུལ་གྱི་བདུན་རེའི་དུས་དེབ་གྲགས་ཅན་དང་འཛམ་གླིང་གི་དུས་དེབ་རྙིང་གྲས་(The Spectator)ཀྱིས། དབྱིན་ཡུལ་ནང་སྐྱབས་བཅོལ་དུ་གནས་སྡོད་བྱས་ཡོད་པའི་རྒྱ་ནག་གི་རྩོམ་པ་པོ་དང་སྲིད་དོན་བརྩམས་སྒྲུང་པ། རྒྱ་ནག་གི་རྨི་ལམ་ཞེས་པའི་དཔེ་དེབ་གྲགས་ཅན་གྱི་རྩོམ་པ་པོ་མཱ་ཇིན་ལགས་སུ། རྒྱ་ནག་གཞུང་གིས་ཝུ་ཧན་ནས་བྱུང་བའི་ཏོག་ནད་སྐོར་ལ་གནས་ཚུལ་སྦས་གསང་བྱས་པའི་སྐོར་དང་།  རྒྱ་ནག་གུང་ཁྲན་ཏང་གི་སྲིད་དབང་གི་གནས་བབ། ནུབ་ཕྱོགས་པས་རྒྱ་ནག་ལ་གནོན་ཤུགས་ག་རེ་སྤྲོད་ཐུབ་མིན་སོགས་གནད་དོན་ཁག་ཅིག་གི་སྒང་ལ་བཅར་འདྲི་བྱས་པ་བསྒྱུར་ཡོད། 

དྲི་བ། ང་ཚོས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་གནད་དོན་རྒྱ་ནག་ལ་ཁག་དཀྲི་དགོས་སམ། གལ་ཏེ་ཏོག་ནད་འདི་རྒྱ་ནག་གིས་ཐོག་མ་ནས་སྦས་གསང་བྱས་རྐྱེན་ཁྱབ་གདལ་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། ནུབ་ཕྱོགས་པས་གནད་དོན་འདིར་འགན་ག་འདྲ་འཁུར་དགོས་སམ།

 མཱ། ཏོག་དབྱིབས་རིམས་ནད་གོ་ལ་ཧྲིལ་བོར་ཁྱབ་ཏེ་གནོད་འཚེ་ཐེབས་པའི་ཉེན་ཅན་གཏེ་བོ་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཏོག་ནད་འགོས་ཁྱབ་སྔོན་འགོག་ཐད་གནད་འགག་ཆེ་བའི་བདུན་ཕྲག་དང་པོ་ནས་གསུམ་པའི་བར་སྦས་གསང་བྱས་པས་ཏོག་ནད་རྒྱ་ཁྱབ་ངང་ཁྱབ་གདལ་ཕྱིན་ཡོད་པ་དང་། གལ་ཏེ་ཏོག་ནད་སྔོན་འགོག་གི་ཐོག་མའི་མཆེད་ཁུངས་ཚོད་འཛིན་ཐུབ་ཡོད་ན། ཚོད་དཔག་བྱས་ན་ནད་པ་བརྒྱ་ ༩༥ ཏོག་ནད་ལ་གཡོལ་ཐུབ་ཡོད་པ་རེད། ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་སྨན་པ་ལི་ཡིས་ཝུའུ་ཧན་སྨན་ཁང་དུ་ཁོང་གི་ལས་གྲོགས་ཚོར་(Sars)དང་འདྲ་བའི་གློ་ནད་ཐོན་ཡོད་པའི་ཉེན་བརྡ་བཏང་མ་ཟད། ལས་རོགས་ཚོར་རང་ཉིད་སྲུང་སྐྱོབ་དགོས་པའི་ལམ་སྟོན་བྱས་ཡོད་པ་དང་། གནད་དོན་དེས་ཁོང་གིས་སྔ་ས་ནས་རིམས་ནད་དེ་མི་ནས་མི་ལ་མཆེད་ཀྱི་ཡོད་པའི་དོགས་གཞི་བསླངས་ཡོད་པ་རེད། གལ་ཏེ་རྒྱ་ནག་གི་སྤྱི་ཚོགས་ཏེ་རྒྱུན་ལྡན་གྱི་སྤྱི་ཚོགས་ཤིག་ཡིན་ན། སྨན་པ་ལི་ཡིས་ཐད་ཀར་སྨན་ཁང་གི་མགོ་ཁྲིད་ཚོར་ཡར་ཞུ་ཞུས་ཆོག་པ་དང་། ཁོ་ཚོས་སྤྱི་དམངས་ཡོངས་ལ་འཕྲལ་དུ་ཉེན་བརྡ་གཏོང་སྲིད་པ་མ་ཟད། གནད་དོན་དེ་གསར་འགྱུར་གྱི་པར་ངོས་དང་པོ་ཆགས་སྲིད་པ་རེད། ཡིན་ན་ཡང་། རྒྱ་ནག་ནི་རྒྱུན་ལྡན་གྱི་སྤྱི་ཚོགས་ཤིག་མིན་པས་སྨན་པ་ལི་ཡི་སྨྲ་བརྗོད་བཀག་ནས་ཁུ་སིམ་མེར་བཏང་ཡོད་པ་རེད། གནད་དོན་དེས་དོན་དངོས་དང་སྨྲ་བརྗོད་རང་དབང་ལ་དྲག་གནོན་བྱས་པས། རྒྱ་ནག་གི་སྤྱི་དམངས་མུན་ནག་གི་ནང་དུ་ལུས་སོང་བ་རེད།   

དྲི་བ། རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་འབྱུང་ཁུངས་དངོས་ཀྱི་ཐད་རྫུན་བཤད་ཀྱི་ཡོད་དམ། ཏོག་ནད་དེ་ནད་འབུ་ཚོད་ལྟ་ཁང་ནས་བཟོས་པ་ཡིན་ནམ།

མཱ། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོས་ཏོག་ནད་ཀྱི་འབྱུང་ཁུངས་ནི་ཝུ་ཧན་གྱི་ཤ་ཚོང་ཁྲོམ་ར་ཡིན་སྐོར་བཤད་བཞིན་ཡོད་པ་རེད། གནད་དོན་དེར་དཔང་རྟགས་ཁ་གསལ་གང་ཡང་མེད་ན་ཡང་ང་ཚོས་ཁོ་ཚོའི་སྐད་ཆ་དེ་རང་ལ་བདེན་འཛིན་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཚན་རིག་པ་མང་ཆེ་བས་ཏོག་ནད་དེ་བཞིན་མི་ཡིས་བཟོས་པ་མིན་པར་འདོད་བཞིན་ཡོད་ཀྱང་། རིམས་ནད་དེ་བསམ་བཞིན་མ་ཡིན་པར་ཞིབ་འཇུག་ཚོད་ལྟ་ཁང་ནས་ཕྱིར་ཤོར་ཡོད་དེར་རྒྱུ་མཚན་མེད་པ་ཞིག་མ་རེད། ཝུ་ཧན་གྱི་ཞིབ་མཇུག་ཚོད་ལྟ་ཁང་དང་ཤ་ཚོང་ཁྲོམ་རའི་བར་སྤྱི་ལེ་ ༨ ཙམ་ལས་མེད་པ་དང་། ཁྲོམ་ར་གཞན་ཞིག་དང་ཕི་ཊི་ ༣༣༠ ཙམ་ལས་མེད་པ་རེད། གནད་དོན་དེ་མི་སྲིད་པ་ཞིག་མིན་ན་ཡང་།  ཆེད་མཁས་པའི་ཞིབ་མཇུག་གྲུབ་དོན་ཞིག་(Lancet)དུས་དེབ་ཐོག་བཏོན་པའི་ནང་།  རྒྱ་ནག་ཝུ་ཧན་གྱི་ཏོག་ནད་ནད་པ་ཐོག་མ་དང་ཤ་ཚོང་ཁྲོམ་རའི་བར་འབྲེལ་བ་གང་ཡང་མེད་སྐོར་བཤད་ཡོད་འདུག གང་ལྟར་གནད་དོན་གཙོ་བོ་རྒྱ་ནག་གཞུང་གིས་ངེས་པར་དུ་ཕྱོགས་ཡོངས་ནས་ཏོག་ནད་སྐོར་ལ་ཞིབ་མཇུག་བྱ་བཅུག་དགོས་པ་མ་ཟད། ངེས་པར་རང་དབང་ལྡན་པའི་ཆེད་མཁས་པ་ཆེད་གཏོང་གིས་བརྟག་དཔྱད་པར་ནད་འབུ་ཚོད་ལྟ་ཁང་སྒོ་འབྱེད་དང་། འབྲེལ་ཡོད་མི་སྣ་ཚང་མ་ངོ་ཐུག་བཅར་འདྲི་དང་ནད་དུག་གི་འབྱུང་ཁུངས་ངོ་མ་གཏན་འཁེལ་བྱེད་དགོས། 

དྲི་བ། ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལ་ངོས་འཛིན་མི་ཐུབ་པའི་རིམས་ནད་ཅིག་ཐོན་ཡོད་སྐོར་བརྗོད་ཡོད་ན་ཡང་། སྐབས་དེའི་ཉེན་བརྡའི་ནང་རིམས་ནད་དེ་མི་ནས་མི་ལ་འགོས་ཡོད་སྐོར་བཤད་མེད་པས། དོན་དངོས་སུ་རྒྱ་ནག་གཞུང་གིས་རིམས་ནད་དེ་ཐོན་ཡོད་པ་ག་དུས་དང་ག་འདྲ་བྱས་ཤེས་ཡོད་དམ། 

མཱ། རེད། རྒྱ་ནག་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ལ་རྒྱུ་རྐྱེན་གསལ་བོ་ངོས་འཛིན་མི་ཐུབ་པའི་རིམས་ནད་ཅིག་ཐོན་ཡོད་པའི་སྙན་ཞུ་ཕུལ་ཡོད་ན་ཡང་། ཁོ་ཚོས་རྒྱ་ནག་མི་མང་གི་འཕྲོད་བསྟེན་བདེ་འཇགས་སྣང་མེད་དུ་བཏང་སྟེ་མི་མང་ཁྲོད་ཉེན་བརྡ་བཏང་མེད་པ་མ་ཟད། ཁོ་ཚོས་མང་ཚོགས་ལ་དངངས་སྐྲག་མི་ཡོང་ཆེད་རིམས་ནད་དེ་བཞིན་མི་ནས་མི་ལ་འགོས་མཆེད་མི་འགྲོ་སྐོར་བརྗོད་ཡོད་པ་རེད། ཡིན་ན་ཡང་། ཐའེ་ཝན་གྱིས་རྒྱ་ནག་གི་བཤད་པའི་སྐད་ཆ་དེ་དག་ལ་ཡིད་ཆེས་མ་བྱས་པར། དེ་མ་ཐག་རྒྱ་ནག་ཝུ་ཧན་ནས་ཡོང་བའི་གནམ་གྲུའི་ནང་གི་འགྲུལ་བ་ཚང་མར་ཚ་བ་བརྟག་དཔྱད་བྱེད་མགོ་ཚུགས་ཡོད་པ་རེད། རྒྱ་ནག་ལ་མཚོན་ན་རྒྱལ་ཡོངས་ཛ་དྲག་ཆེ་བའི་དུས་སྐབས་དེར། ཐོག་མར་བྱེད་དགོས་པ་ནི་དོན་དངོས་གནས་ཚུལ་སྦ་གསང་བྱ་རྒྱུ་དེ་རེད། དེ་བཞིན་སྐབས་དེར་རྒྱ་ནག་གཞུང་གིས་མྱུར་དུ་ཤ་ཚོང་ཁྲོམ་རའི་སྒོ་གཏན་གཅོད་དང་ཝུ་ཧན་ནད་འབུ་བརྟག་དཔྱད་ཁང་གི་དཔང་རྟགས་ཚང་མ་རྩ་མེད་བཟོས་ཡོད་པ་རེད། མཐའ་ན་ཕྱི་ཟླ་ ༡ ཚེས་ ༦ ནས་ ༡༠ བར་ཚོགས་པའི་ཧུ་པེ་ཞིང་ཆེན་གྱི་གྲོས་ཚོགས་ཚོགས་འདུའི་སྟེང་། ཏོག་ནད་ཀྱི་གནས་ཚུལ་གང་ཡང་བཤད་མེད་པ་མ་ཟད་ཝུ་ཧན་གྱི་ཁྱིམ་ཚང་ཁྲི་ཚོ་ ༤ ལྷག་གིས་དུས་ཆེན་ཚོགས་བཅུག་ཡོད་པ་རེད། ཝུ་ཧན་མགོ་ཁྲིད་ཚོས་རེ་བར་གལ་ཏེ་ཁོ་ཚོས་ནད་དུག་དེ་དང་འབྲེལ་ཡོད་ཀྱི་གསར་འགྱུར་བཀག་འགོག་བྱས་པ་ཡིན་ན། རིམས་ནད་མེད་པར་གྱུར་འགྲོ་ངེས་པའི་བསམ་བློ་བཏང་ཡོད་ལ།  ཁོང་ཚོས་རྒྱ་ནག་གི་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་དང་ཞི་ཅིན་ཕིན་གྱི་རྒྱལ་ཁབ་དར་རྒྱས་དང་བརྟན་བརླིང་ཟེར་བའི་རྒྱ་ནག་གི་ཕུགས་འདུན་ལ་གནོད་པ་མི་ཐེབས་ཆེད་ཡིན་པ་རེད། ཁོ་ཚོས་ནམ་རྒྱུན་ནས། སྔོན་ལ་བསམ་བློ་གཏོང་བ་ནི་གུང་ཁྲན་ཏང་སྐྱོབ་པའི་ངོ་གདོང་ཡིན་པ་ལས་མི་དམངས་ཀྱི་ཚེ་སྲོག་སྐྱོབ་རྒྱུ་དེ་མིན་པ་རེད།

དྲི་བ། གནད་དོན་དེ་ཐག་གཅོད་བྱེད་མཁན་ཝུ་ཧན་ས་གནས་མགོ་ཁྲིད་ཚོ་ཡིན་ནམ། ཡང་ན་མགོ་ཁྲིད་ཞི་ཅིན་ཕིན་ཐག་གཅོད་དེ་དག་ནང་ཞུགས་ཏེ་དོན་དངོས་གནས་ཚུལ་སྦས་གསང་བྱས་ཡོད་དམ།

མཱ། གནད་དོན་དེའི་ཐད་ཐོག་མ་ནས་ཞི་ཅིན་ཕིན་དང་འབྲེལ་བ་ཡོད་པ་རེད། ཞི་ཅིན་ཕིན་གྱིས་རང་ཉིད་ཚེ་གང་བོར་རྒྱ་ནག་གི་མགོ་ཁྲིད་བཟོས་ཡོད་པ་རེད་ལ། རྒྱ་ནག་གི་མགོ་ཁྲིད་མའོ་ནས་བཟུང་ཁོ་ནི་ཆེས་དབང་ཆ་ཆེ་བའི་མགོ་ཁྲིད་དེ་ཡིན་པ་དང་། ཁོ་ནི་རྒྱ་ནག་གི་མཐར་ཐུག་གི་མགོ་ཁྲིད་ཆགས་ཡོད་པས་མཐའ་མའི་འགན་ཡང་ཁོ་རང་གིས་འཁུར་དགོས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྟག་ཏུ་ནོར་འཁྲུར་ཤོར་མཁན་ནི་ས་གནས་མགོ་ཁྲིད་ཚོ་ཡིན་པ་ལས། དབུས་གཞུང་གི་མགོ་ཁྲིད་ཚོར་གནས་ཚུལ་དེ་དག་ཐད་འགན་འཁྲི་མེད་པའི་སྐྱོན་འཛུགས་བྱེད་བཞིན་ཡོད་པ་རེད། ཞི་ཅིན་ཕིན་གྱིས་རིམས་ནད་ཀྱི་ཉེན་ཁ་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ནས་ཤེས་རྟོག་བྱུང་ཡོད་པ་དང་། དེའི་སྔོན་ནས་རྒྱ་ནག་གཞུང་གིས་ཏོག་ནད་ཐོན་ཡོད་པའི་སྙན་སེང་མ་ཞུས་གོང་ནས། རྒྱ་ནག་གཞུང་འབྲེལ་(CCTV)བརྙན་འཕྲིན་ལས་ཁུངས་ཀྱིས་རིམས་ནད་དང་འབྲེལ་ནས་རྒྱ་ནག་གི་སྨན་པ་ལི་ཚུད་པའི་སྨན་པ་ ༨ ཉེས་ཆད་བཅད་པའི་གནས་ཚུལ་སྤེལ་ཡོད་པ་རེད། ཕྱི་ཟླ་ ༢ ནང་ཞི་ཅིན་ཕིན་གྱིས་གཏམ་བཤད་སྐབས་རིམས་ནད་སྔོན་འགོག་ཐད་ཁོས་ཕྱི་ཟླ་ ༡ ཚེས་ ༧ བཟུང་བཤད་ཡོད་སྐོར་བརྗོད་ཡོད་ན་ཡང་། ཕྱི་ཟླ་ ༡ ཟླ་དཀྱིལ་ལ་ཁོ་འབར་མ་དང་རྒྱ་ནག་གི་ཡུན་ནན་ཞིང་ཆེན་སོགས་ལ་ལྟ་སྐོར་བྱེད་སྐབས་རིམས་ནད་སྐོར་ནས་གང་ཡང་བཤད་མེད་དོན་ག་རེ་ཡིན་ནམ། ཁོས་ཕྱི་ཟླ་ ༡ ཚེས་ ༢༠ བར་ཏོག་ནད་ཡོངས་བསྒྲགས་བྱེད་པར་སྒུག་དགོས་དོན་ག་རེ་ཡིན་སོང་བ་རེད།

དྲི་བ། ནུབ་ཕྱོགས་ཀྱི་སྨན་པ་ཁ་ཤས་ཀྱིས་ཏོག་ནད་དང་འབྲེལ་ནས་རྒྱ་ནག་ལ་བསྟོད་བསྔགས་བྱས་ཡོད་པ་མ་ཟད། ལྷག་པར་དུ་ངས་ཤེས་པ་ཞིག་ལ་(Lancet)དུས་དེབ་ཀྱི་རྩོམ་སྒྲིག་པ་སྨན་པ་(Richard Horton)རེ་ཆཱར་སྒྲི་ཡིས་ཁོང་གིས་རྒྱ་ནག་གིས་དེ་མ་ཐག་ཏོག་ནད་སྐོར་ནས་འཛམ་གླིང་ལ་ཉེན་བརྡ་བཏང་ཡོད་པ་དང་། དབྱིན་ཡུལ་དང་ཨ་རི་སོགས་ཀྱིས་ཉེན་བརྡ་གཏོང་ཐུབ་མེད་སྐོར་དང་། དེ་བཞིན་(Atlantic)དུས་དེབ་སྟེང་ཁྲིམས་ལུགས་སློབ་དཔོན་གཉིས་ཀྱིས་མིང་ངན་ཀུན་ཏུ་ཁྱབ་པའི་རྩོམ་ཡིག་ཅིག་སྤེལ་ནས། རྒྱ་ནག་གཞུང་གིས་ཏོག་ནད་སྐོར་ནས་དྲ་རྒྱའི་སྤྱི་ཚོགས་ལ་དམ་དྲག་བྱས་པར་བསྔགས་བརྗོད་བྱས་ཡོད་པ་རེད། དེ་ལྟར་དུ་ནུབ་ཕྱོགས་ཀྱི་ཤེས་ཡོན་ཅན་ཁ་ཤས་ཀྱིས་ང་ཚོ་རྒྱ་ནག་དང་འདྲ་བོ་དགོས་སྐོར་སོགས་བཤད་ཡོད་པ་རེད། ཁྱོད་ཀྱིས་གནད་དོན་འདི་དག་ཐད་ནས་ཁོ་ཚོར་ཅི་ཞིག་བཤད་འདོད་ཡོད་དམ།   

  མཱ། ངས་ཁོ་ཚོར་བཤད་འདོད་པ་ནི། ཁོ་ཚོ་ནི་ངོ་ཚ་མེད་པར་གདུག་རྩུབ་ཆེ་བའི་སྲིད་དབང་ལ་དག་འབུད་བྱེད་མཁན་ཞིག་རེད། ཁོ་ཚོས་ག་འདྲ་བྱས་ནས་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་རིམས་ནད་སྙན་སེང་ཞུས་པ་དང་། རྒྱ་ནག་མི་མང་གི་དྲ་རྒྱར་དམ་དྲགས་ཀྱིས་རང་གི་མི་སེར་ཚོར་གནས་ཚུལ་སྦ་གསང་བྱས་ཏེ། རིམས་ནད་ལྡབ་འགྱུར་གྱིས་མང་དུ་ཕྱིན་པ་མ་ཟད་འཛམ་གླིང་གི་ས་ཁུལ་གཞན་དག་ཏུ་འགོས་ཁྱབ་ཕྱིན་པར་བསྟོད་བསྔགས་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་རིམས་ནད་ཀྱི་མདུན་སར་ལས་ཀ་བྱེད་མཁན་དང་། སྙིང་སྟོབས་ཅན་གྱི་རིམས་ནད་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་ཚོ་ཁུ་སིམ་མེར་བཏང་བ་དང་། རིམས་ནད་སྐོར་ནས་གསར་འགྱུར་སྤེལ་ཐབས་བྱེད་མཁན་གྱི་སྤྱི་དམངས་གསར་འགོད་པ་ཚོ་གར་སོང་ཆ་མེད་དུ་གྱུར་བ་དང་། སྲིད་གཞུང་དེས་འགོས་ནད་ཕོག་པའི་ནད་པ་རྒྱ་སྲང་ནས་བཙན་གྱིས་ཁྲིད་དེ་བ་གླང་ལྟར་དོས་སྐྱེལ་རླངས་འཁོར་དུ་འདེད་པ། ཁྱིམ་ཚང་ཁ་ཤས་ཀྱི་ཁྱིམ་མི་ཁྱིམ་ལ་བཟོན་པ་ལྟར་བཅུག་སྟེ་ཁོ་ཚོའི་ཁང་སྒོ་ལྕགས་དབྱུག་གིས་གཅོད་པ་སོགས་བྱས་ཡོད་པ་རེད། གལ་ཏེ་རྒྱ་ནག་ལ་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་། མིའི་རིགས་ཀྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་མཁན་མགོ་ཁྲིད་ཅིག་ཡོད་པ་ཡིན་ན། རིམས་ནད་དེ་འདྲའི་ཤུགས་ཆེན་པོས་ཁྱབ་མི་སྲིད་ལ། ཟླ་ ༡ པོའི་ཟླ་མཇུག་ཏུ་མི་ཚང་མར་བཀག་སྡོམ་ནན་མོ་བྱེད་དགོས་དོན་ཡང་མེད་པ་རེད། གལ་ཏེ་ནུབ་ཕྱོགས་པས་རྒྱལ་ཁབ་ཅིག་རིམས་ནད་ལས་དོན་ལ་བསྟོད་བསྔགས་བྱེད་འདོད་ན། ཁོ་ཚོས་ཐའེ་ཝན་དང་ལྷོ་ཀོ་རི་ཡ། ནའེ་ཛི་ལན་ཊི་སོགས་བདེ་ཐང་གི་དམངས་གཙོའི་རྒྱལ་ཁབ་འདི་དག་གིས། མིའི་རིགས་ཀྱི་ལ་རྒྱ་དང་གཞི་རྩའི་རང་དབང་ལ་གནོད་འཚེ་མི་ཐེབས་པའི་གནས་ཚུལ་འོག་རིམས་ནད་སྔོན་འགོག་བྱས་ཡོད་པར་བལྟ་དགོས། ངས་བསམ་ན་ནུབ་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་རྒྱ་ནག་གུང་ཁྲན་ཏང་ལ་བསྟོད་བསྔགས་བྱེད་པ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་དང་ཨ་རིར་འཁོན་འཛིན་བྱེད་པའི་ཆེད་དུ་ཡིན་པ་རེད། 

དྲི་བ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་དཀའ་ཁག་ཅི་འདྲ་ཞིག་ཏུ་ལྷུང་ཡོད་པ་དང་། སྨན་པ་ལི་ནི་ཆབ་སྲིད་ཀྱི་ལས་འགུལ་གསར་བའི་མཚོན་རྟགས་སུ་གྱུར་ཡོད་དམ།

མཱ། ངས་རྒྱ་ནག་ནང་དམར་ཤོག་ཚོགས་པའི་སྲིད་དབང་དེ་སྔོན་ཆད་ལས་ཀྱང་སྟོབས་ཤུགས་ཆེ་བར་སེམས་ཁྲལ་བྱེད་ཀྱི་ཡོད། ནད་དུག་མཆེད་པ་ཤིན་ཏུ་མགྱོགས་པའི་རྐྱེན་གྱིས་རྒྱ་ནག་གུང་ཁྲན་ཏང་གིས་མྱུར་དུ་ཛ་དྲག་ཆེ་བའི་ལས་ཀ་མི་བྱེད་ཀ་མེད་བྱུང་ཡོད་པ་དང་། གནད་དོན་དེས་ད་ལྟ་རྒྱ་ནག་གཞུང་གིས་རང་ཉིད་རྒྱ་ནག་མི་དམངས་ཀྱི་སྐྱབས་མགོན་ལ་བསྐྱར་དུ་བཞེངས་ཐུབ་ཡོད། ཐ་ན་འཛམ་གླིང་གི་བྱམས་སེམས་ཅན་གྱི་སྐྱབས་མགོན་ཡང་ཆགས་ཡོད་པ་རེད། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཀྱི་ནུས་པ་ཤུགས་ཆེར་ཐོན་ཡོད་པས། མང་ཚོགས་སླར་ཡང་ཞི་ཅིན་ཕིན་གྱི་རྒྱ་ནག་གི་ཕུགས་འདུན་གྱི་བདེ་སྐྱིད་ཁྲོད་གཉིད་དུ་ཡུར།  སྨན་པ་ལི་ཡི་གནད་དོན་ཐད་ནས་ཁོང་ནི་དཔའ་བོ་ཞིག་ཡིན་པའི་མཚན་ཉིད་གཡོག་ནས་ནོར་འཁྲུལ་དེ་གོ་གནས་ནས་གཡུག་པའི་ཞིང་ཆེན་རིམ་པའི་མགོ་ཁྲིད་ཚོའི་སྒང་ལ་བཞག་ཡོད་པ་རེད། ད་ལྟ་རྒྱ་ནག་ནང་ཆབ་སྲིད་ཀྱི་ལྟ་ཚུལ་མི་འདྲ་བ་ཚང་མ་མེད་པར་གྱུར་སོང་། གལ་ཏེ་རྒྱ་ནག་གི་དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་བྱུང་ན། མ་འོངས་པར་གུང་ཁྲན་ཏང་ལ་གཡོ་འགུལ་གཏོང་མི་ཐུབ་པ་ཞིག་ཆགས་རྒྱུ་རེད། 

དྲི་བ། དེ་ན་ནུབ་ཕྱོགས་པས་རྒྱ་ནག་ལ་ཅི་ཞིག་བྱ་དགོས་པ་རེད་དམ། དཔལ་འབྱོར་བཀག་སྡོམ། གལ་ཏེ་ང་ཚོས་རྒྱ་ནག་གི་ཚོང་ཟོག་ཉོ་མཚམས་བཞག་ན། རྒྱ་ནག་མི་དམངས་ལ་གནོད་པ་ཐེབས་པ་མ་རེད་དམ། ནུབ་ཕྱོགས་པས་རྒྱ་ནག་སྲིད་གཞུང་ལ་དམིགས་པའི་བྱ་སྤྱོད་གང་ཞིག་ཡིན་རུང་། ཐོག་མར་རྒྱ་ནག་མི་དམངས་ལ་དཀའ་སྡུག་མྱོང་དུ་འཇུག་མི་སྲིད་དམ།

མཱ། ནུབ་ཕྱོགས་ཀྱི་མགོ་ཁྲིད་ཚོས་ངེས་པར་དུ་ངོས་འཛིན་ཐུབ་པ་བྱེད་དགོས་པ་ཞིག་ནི་ཁོ་ཚོས་རྒྱ་ནག་གི་སྒེར་གཅོད་རིང་ལུགས་རྒྱ་སྐྱེད་ཁྲོད་ངན་པ་ལག་འབྲེལ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་ནུབ་ཕྱོགས་པ་ཚོ་གུང་ཁྲན་ཏང་གི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་དང་། སྨྲ་བརྗོད་རང་དབང་དམ་དྲགས།  བོད་མི་ཚོར་ཁྱད་གསོད་དང་དེ་བཞིན་ཉེ་བའི་ཆར་བྱུང་བཞིན་པའི་ཤིན་ཅང་དུ་ཡོད་པའི་འཇིགས་སྣང་ཆེ་བའི་བཀག་སྐྱིལ་ཁང་སོགས་བྱུང་གི་ཡོད་ཀྱང་། ནུབ་ཕྱོགས་པ་པ་ཚོས་དཔལ་འབྱོར་ཁེ་ཕན་རྩོད་ལེན་ཁྲོད་དྲང་བདེན་མིན་པའི་གནད་དོན་རིགས་སྣང་མེད་དུ་འཇོག་གི་ཡོད་པ་དེ་རེད། ཐེངས་འདིར་ཏོག་དབྱིབས་རིམས་ནད་ཀྱིས་གསལ་སྟོན་བྱེད་ཐུབ་པ་ཞིག་ལ།དམངས་གཙོའི་རྒྱལ་ཁབ་ཀྱིས་ས་མཚམས་སོགས་གང་ཡང་མེད་པར་སྒེར་གཅོད་རྒྱལ་ཁབ་དང་འབྲེལ་བ་བྱས་ཡོང་དུས། མཇུག་མཐར་འགྲོ་བ་མི་ཚང་མའི་རང་དབང་དང་བདེ་འཇགས་ལ་འཇིགས་སྐུལ་ཐེབས་བཞིན་ཡོད་པ་རེད། ནུབ་ཕྱོགས་པ་ཚོས་འགྲན་ཡ་ནི་རྒྱ་ནག་མི་དམངས་མིན་པར་གུང་ཁྲན་ཏང་གི་སྲིད་གཞུང་ཡིན་པ་དང་། ནུབ་ཕྱོགས་སྲིད་གཞུང་ཚོས་ངེས་པར་དུ་རྒྱ་ནག་གཞུང་ལ་ཅ་དངོས་ཚོང་མཚམས་འཇོག་དགོས་པ་དང་།  དེ་བཞིན་རྒྱ་ནག་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་ཚབས་ཆེ་བའི་ཐོན་དངོས་ཉོ་མཚམས་འཇོག་དགོས་པ་དང། ནུབ་ཕྱོགས་པས་ངེས་པར་དུ་རྒྱ་ནག་ལ་ཀུན་སྤྱོད་ཀྱི་སྒལ་ཚིགས་སྐྱེད་སྲིང་བྱེད་རོགས་བྱ་དགོས་པ་དང་།  ཏོག་དབྱིབས་རིམས་ནད་དང་བསྟུན་རྒྱ་ནག་གཞུང་གིས་འཛམ་གླིང་ལ་ཤུགས་རྐྱེན་སྤྲོད་བཞིན་པའི་རུལ་སུངས་མཇུག་རྫོགས་དགོས་པ་ལས། གནས་ཚུལ་དེ་ལས་སྡུག་ཤོས་ཡོང་གྲབས་ཡོད་པའི་བརྡ་རྟགས་ཤིག་ཀྱང་མིན་པ་མ་རེད། 

མ་ཡིག་འབྲེལ་ཐག། https://spectator.us/china-regime-stronger-ma-jian-author/?fbclid=IwAR2HNL5EFOaWZFHgoaCtcSySAONQMDjMaYurKqWl_6lOjYZc9ZeiuZaP7Rk

བསྐྱར་བཅོས།: ༢༠༢༠/༠༥/༣༡

Leave a Reply

One thought on “རྒྱ་ནག་དམར་ཤོག་ཚོགས་པ་དེ་སྔོན་ལས་སྟོབས་ཤུགས་ཆེ་བ་ཡོད་པའི་འཇིགས་སྣང་འདུག

  1. བསོད་ནམས་རྒྱལ་མཚན།

    ནུབ་ཕྱོགས་ཀྱི་མགོ་ཁྲིད་ཚོས་ངེས་པར་དུ་ངོས་འཛིན་ཐུབ་པ་བྱེད་དགོས་པ་ཞིག་ནི་ཁོ་ཚོས་རྒྱ་ནག་གི་སྒེར་གཅོད་རིང་ལུགས་རྒྱ་སྐྱེད་ཁྲོད་ངན་པ་ལག་འབྲེལ་བྱེད་ཀྱི་ཡོད་པ་དང་། ངའི་བསམ་ཚུལ་དང་མཐུན་སོང་། སྔོན་མ་ནས་འདྲན་གྱི་ཡིད། འགྲོ་མ་མིའི་ཐོབ་སྟངས་ རྡོག་རོལ་གཏོང་མཁན་ངོ་མ་དེ་ནུབ་ཕྱོགས་པ་ཚོ་རེད་འདུག དེའི་ནང་ནས་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དེ་རྦད་དེ་རྫུན་མ་རེད། འཛམ་གླིང་རྡབ་སིག་གཏོང་མཁན་ནུབ་ཕྱོགས་པ་རེད། Africa དང་ Asia ནང་ ཁོང་ཚོའི་རྒྱུག་ཁྱི་མང་པོ་ཡོད་པ་རེད། ཁ་ནས་ཞི་བདེ་དང་ འགྲོ་མ་མིའི་ཐོབ་སྟངས་ཤོད་ཀྱི་རེད། རྒྱབ་ནས་ གོ་མཚོན་འགྲེམས་ཀྱི་རེད། ནུབ་ཕྱོགས་ཀླ་ཀློའི་དཔུང་གྱི་བརྩེ་མེད་ཀྱི་་་ སློབ་གསོ་ངན་པ་དེ་ རྒྱ་ནག་ལ་དར། ད་ ད་ཆ་རྒྱ་ནག་མི་མང་། བོད། མན་ཇུ། ཡུ་གུར། ནང་སོག ཧོང་ཀོང་། མ་ཀའུ་བཅས་ གནར་གཅོད་མྱོང་དང་མྱོང་མུས་རེད།