ཆོས་རིག་བཀའ་བློན་ནས་དགོངས་པ་ཞུ་དགོས་ཀྱི་འདུག

༄༅།། དཔལ་ལྡན་བཀའ་ཤག་ལྷན་རྒྱས་ཀྱི་དྲུང་དུ།

ཞུ་དོན། ཨོ་རྒྱན་སྟོབས་རྒྱལ་གྱིས་ནང་དོན་ཡང་དག་ཁུངས་ཐུབ་རྒྱུ་མཚན་ཅན་མེད་ཁར། ཕྱི་ཚུལ་ཚིག་འགྲོས་རྒྱ་ནག་གཞུང་ལས་ངན་པའི་ཐ་སྙད་ཆེད་སྤྱོད་ཀྱིས་༧གོང་ས་ཆེན་པོར་མཚན་དམས་ཞུས་པར། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ནས་བབ་བརླིང་བརྟན་གསུམ་ཁྱོན་ནས་མེད་པའི་དགོངས་སེལ་གསལ་བཤད་སྔ་ཕྱིར་སྤེལ་བ་དེ་ལྟར་ཡང་། རང་ཅག་ལས་ཀྱི་སྣེ་མོ་བ་ཐམས་ཅད་ཀྱིས་ནམ་ཞག་རྒྱུན་དུ། དབུས་བོད་མིའི་སྒྲིག་འཛུགས་འདི་བཞིན་སྲོག་ལ་བསྡོས་ཏེ་སྲ་བརྟན་སྲུང་དགོས་པའི་ལྟ་གྲུབ་འཛིན་པའི་ཡང་སྙིང་ནི། མི་མང་གི་ཡིད་ཆེས་སྒྲིག་འཛུགས་ལ་དུས་ནམ་ཡང་གཡོ་མེད་དུ་གནས་ཐུབ་ཆེད་རེད། ལས་ཀྱི་སྣེ་མོ་བའི་བྱེད་འཛོལ་ལས་མི་མང་བློ་ཕམ་བྱུང་ཚེ། ཨུ་ཚུགས་བསྐྱོན་ཏེ་སྡིག་པ་མིག་བཙུམ་མི་གནང་བར། འཕྲལ་དུ་རང་ཉིད་ལས་གནས་ནས་དགོངས་པ་ཞུ་བའང་སྒྲིག་འཛུགས་སྲུང་སྐྱོབ་བྱེད་སྟངས་ཤིག་ཡིན། འོན་ཀྱང་། ཆོས་རིག་བཀའ་བློན་ནས། ནད་དགོངས་སུ་ཡོད་བཞིན་པའི་སྐབས། བཀའ་ཤག་གི་རྩ་བའི་ལས་དོན་གལ་ཆེ། ༧གོང་ས་ཆེན་པོར་མཚན་དམས་ཞུ་མཁན་ལ་གདོང་ལེན་ཞུ་སྟངས་བཀའ་ཤག་ལ་དགོངས་སྐོར་ཙམ་ཡང་མ་ཞུས་པར། རྒྱ་ཆེ་མི་མང་དེ་བས་ཀྱང་བློ་ཕམ་བླ་ལྷག་ཏུ་ཡོང་གཞི་བསྐྲུན། སྒྲིག་གཞི་ལྟར་ན་ནད་དགོངས་སམ་གུང་གསེང་གཙང་ནས་ཕྱིར་ལས་གནས་སུ་མ་འབྱོར་བར་བཀའ་བློན་གྱི་མཚན་འཕྱར་ནས། བཀའ་ཤག་གི་རྩ་བའི་ལས་དོན་གལ་ཆེའི་ཐད་གསལ་བསྒྲགས་སྤེལ་ཆོག་གམ། དེ་ལྟར་སྤེལ་བ་ནི་རང་ཁྲིམས་རང་གིས་བརྡལ་བཤིག་བཏང་བ་མ་རེད་དམ།

གྲོས་ཚོགས་དང་མི་མང་འདུ་འཛོམས་གང་སར་༧གོང་ས་ཆེན་པོར་མཚན་དམས་ཞུ་མཁན་ལ་གདོང་ལེན་མཐར་ཕྱིན་པ་གནང་རྒྱུ་ནི་དཔལ་ལྡན་བཀའ་ཤག་གི་རྩ་བའི་ལས་དོན་ནམ་ཐུགས་འགན་ཡིན་ཞེས་ལན་མང་གསུངས་ཟིན་པས། དེའི་ཐད་བཀའ་ཤག་ལ་རྩ་བའི་ལངས་ཕྱོགས་ཡོད་པའང་ཀུན་གསལ་ལྟར་ལགས་ཀྱང་། ཆོས་རིག་བཀའ་བློན་ནས། བཀའ་ཤག་གི་རྩ་བའི་ཐུགས་འགན་དུ་དམ་འཛིན་གནང་བཞིན་པའི་ལས་དོན་གལ་ཆེ་ཞིག་ལ། བཀའ་ཤག་ལ་དགོངས་སྐོར་མེད་པར་སྔ་ཕྱི་མི་མཚུངས་པའི་གསལ་བསྒྲགས་སྣ་ཚོགས་སྤེལ་བ་ནི་ལས་ཀྱི་སྣེ་མོ་བ་བབ་བརླིང་བརྟན་གསུམ་མིན་པ་སྒྲུབ་བྱེད་ཙམ་མ་ཟད། འཛིན་སྐྱོང་སྒྲིག་གཞི་དོན་ཚན་བརྒྱད་ ༨ པའི་ནང་གསེས་ ༢ ནང་། བཀའ་ཤག་གི་འགན་འཁུར་ནི་སྲིད་སྐྱོང་དང་། བཀའ་བློན་རྣམས་མཉམ་འདུས་ཀྱི་འགན་འཁུར་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་སྤྱི་མོས་སམ་མང་མོས་ཀྱིས་གྲོས་དོན་ཐག་གཅོད་བྱེད་དགོས་པ་ལས་སྲིད་སྐྱོང་ངམ་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་མི་ཆོག་ཅེས་པར་འགལ་བ་གསལ་བོ་རེད། གང་ཡིན་ཞེ་ན། ༧གོང་ས་མཆོག་ལ་མཚན་དམས་ཞུ་མཁན་ལ་གདོང་ལེན་མཐར་ཕྱིན་པ་གནང་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་གོང་ན་མེད་དེ་རེད། དེ་བཞིན་སྒྲིག་གཞི་འདིའི་དོན་ཚན་བརྒྱད་ ༨ པའི་ནང་གསེས་ ༡ པོར་གསལ་བ་ཇི་བཞིན། བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་འོག་ཡོད་པའི་ལས་ཁུངས་སྡེར་གཏོགས་དང་བཅས་པར་བཀོད་བྱུས་སྟངས་འཛིན་ཏག་ཏག་ཐུབ་དགོས་ཀྱི་ཡོད་ཀྱང་། ཆོས་རིག་བཀའ་བློན་གྱི་གནང་བབ་དེས་སྟངས་འཛིན་ཏག་ཏག་ཐུབ་ཀྱི་མེད་པའང་གསལ་བོ་མཚོན་པ་རེད།

བཀའ་བློན་བྱེ་བྲག་པའི་འགན་དབང་ནི་སྒྲིག་གཞི་འདིའི་དོན་ཚན་དགུ་ ༩ པར་གསལ་བ་བཞིན། བཀའ་ཤག་གི་མཉམ་འདུས་ཀྱི་འགན་འཁུར་དང་ལྷན་ལས་ཁུངས་ཀྱི་ལས་དོན་ཁག་ཡིན་པ་གསལ་བོ་ཡིན་ཡང་། ཆོས་རིག་བཀའ་བློན་ནས། ༧གོང་ས་མཆོག་ལ་གཞི་མེད་མཚན་དམས་ཞུས་པའི་བྱ་ངན་ལ་གདོང་ལེན་ཞུ་ཕྱོགས་ཆོས་རིག་ལས་ཁུངས་ཀྱི་ལས་འགན་ལྟ་བུར་འབྲེལ་བ་ཡོད་ཚུལ་མི་མང་ལ་ཞལ་རྫུན་གསུངས་ཏེ་གསལ་བསྒྲགས་སྤེལ་བ་ནི་ཧ་ཅང་ནོར་འཁྲུལ་ཚབས་ཆེན་ཞིག་རེད། ༧གོང་ས་མཆོག་ལ་མཚན་དམས་ཞུས་ཚེ་ཆོས་རིག་ལས་ཁུངས་ཀྱི་ལས་འགན་ལྟ་བུར་ཚུར་བླངས་ཏེ་ཆོས་རིག་བཀའ་བློན་ནས་རང་ཐག་རང་གཅོད་ཀྱིས་ལན་འདེབས་གསལ་བཤད་གནང་ཆོག་པའི་ཐག་གཅོད་ཅིག་བཀའ་ཤག་གིས་ལོ་ཟླ་ཚེས་གྲངས། ཉིན་སྔ་ཕྱི་ག་དུས་གནང་བ་ཡིན་ནམ། གནད་འདི་བཀའ་ཤག་གིས་མཁྱེན་བཞིན་གསུང་མི་འབྱོན་པ་དང་། ཆོས་རིག་བཀའ་བློན་ནས་ད་དུང་ཡི་གེ་འདྲ་མིན་སྤེལ་བཞིན་པ་ནི་ཁྲིམས་ཀྱི་དབང་བསྒྱུར་ལ་ཆོད་སེམས་བརྟན་པོ་མེད་པ་དང་། མི་མང་གིས་ཞིབ་གསལ་མཁྱེན་གྱི་མ་རེད་དགོངས་ཏེ་ཧམ་པ་བྱེད་པ་ནི་ལས་འབྲས་དང་མི་མཐུན་པས་ཧ་ཅང་གཟབ་དགོས་པར་རན།

འཛིན་སྐྱོང་སྒྲིག་གཞིའི་དོན་ཚན་བཅུ་གསུམ་༡༣ པ། ལས་དོན་ཐག་གཅོད་ཅེས་པའི་ནང་གསེས་ ༢ པར། བཀའ་ཤག་གི་སྤྱི་བྱེའི་འཆར་འཕར་ལས་དོན་ཚང་མ་སྲིད་སྐྱོང་དང་བཀའ་བློན་ལྷན་རྒྱས་མཉམ་གྲོས་གོ་བསྡུར་གྱི་ལམ་ནས་གནང་དགོས་པ་དང། ལྷག་པར་ལས་དོན་དམིགས་བསལ་དང་། དངུལ་གྲོན་འཕར་མ་གཏོང་ཕྱོགས་ཀྱིས་མཚོན་ལས་དོན་གང་ཅི་གོ་བསྡུར་མེད་པར་སྲིད་སྐྱོང་དང་བཀའ་བློན་སུ་ཐད་ནས་ཐག་གཅོད་གནང་མི་ཆོག་ཅེས་དང། དེ་བཞིན་དོན་ཚན་བཅུ་གཉིས་ ༡༢ པའི་ནང་གསེས་དང་པོ་ ༡ ནང་ཛ་དྲག་གནས་ཚུལ་སྐབས་བཀའ་ཤག་འཕར་མ་ཚོགས་དགོས་པ་གསལ་ཡང་། ཚོགས་རྒྱུ་ལྟ་ཅི། བཀའ་ཤག་གིས་མི་མང་ལ་ཨང་ཉན་གནང་སྟེ། མི་མང་འགོ་ཁྲིད་ཡིན་པ་ལྟར་མདུན་ལ་ཐོན་བཅུག རང་ཉིད་ནས་གནས་སྟངས་ལ་ལྟ་གིན་ལྟ་གིན་གནང་བ་ནི་སྒལ་རལ་གྱི་མཚོན་རྟགས་དངོས་ཡིན་པ་ཞོར་འཕྲོས་བཅས་གོང་གསལ་ཁྲིམས་སྒྲིག་དང་འགལ་འཛོལ་གྱུར་འདུག་ན། བཅའ་ཁྲིམས་དོན་ཚན་ཉེར་དགུ་ ༢༩ པའི་ནང་གསེས་ ༤ ལྟར་སྲིད་སྐྱོང་གིས་ཆོས་རིག་བཀའ་བློན་ལ་དགོངས་ཞུ་བྱེད་འཇུག་པའམ། ཡང་ན་ཆོས་རིག་བཀའ་བློན་རང་ངོས་ནས་ངེས་པར་དགོངས་པ་ཞུ་དགོས། མང་གཙོའི་ལྟ་གྲུབ་ནང་ནོར་འཁྲུལ་ཤོར་ཏེ་དགོངས་པ་ཞུ་པ་ནི་རང་ཉིད་སྒེར་པ་ནོར་འཁྲུལ་ལས་ལྡོག་པའི་ལམ་དུ་ཞུགས་པ་དང་། སྤྱི་པའི་སྒྲིག་འཛུགས་སྲ་བརྟན་གཏོང་ཆེད་ཡིན་པས། མགོར་བབས་ན་ཕྱིར་ནུར་བྱེད་ས་མེད། དེར་ཡ་ཡོ་ཆེན་པོས་གཡོལ་ཐབས་གནང་བ་ནི་རང་ཉིད་ཆབ་སྲིད་ཀྱི་ལས་ཀར་ཞུགས་དོན་ལ་བསམ་བློའི་རྨང་གཞི་འདང་ངེས་མེད་པའི་རྟགས་མཚན་ཡིན་པས། གོམས་གཤིས་ངན་པ་དེ་རིགས་ཀོ་རོ་ན་བཅུ་དགུ་ལྟར་སྤྱི་ཚོགས་ནང་འགོས་བཅུག་ན་བོད་ཀྱི་རྩ་དོན་དང་བོད་མིའི་སྒྲིག་འཛུགས་སྲ་བརྟན་གཉིས་ཀར་གནོད་ངེས་པས། ཆོས་རིག་བཀའ་བློན་ལགས་ནས་ཅི་ནས་ཀྱང་དགོངས་པ་ཞུ་རོགས།།

མཐའ་དོན་ཆོས་རིག་བཀའ་བློན་ལགས་དགོངས་ཞུ་དགོས་དོན་གོང་གསལ་ཁག་མདོར་བསྡུས་ན་རྒྱུ་མཚན་ལྔ་ཡོད།

གཅིག བཀའ་ཤག་གི་རྩ་བའི་ལས་འགན་གལ་ཆེ་དང་འབྲེལ་བའི་སྐོར་གདོང་ལེན་ཞུ་སྐབས། ཁྲིམས་སྒྲིག་ལྟར་ངེས་པར་བཀའ་ཤག་ལ་གྲོས་བསྡུར་ཞུ་དགོས་ཀྱང་མ་ཞུས་པས་སྒྲིག་འགལ་བྱུང་འདུག

གཉིས། ནད་དགོངས་སམ་གུང་གསེང་དུ་ཡོད་བཞིན། བཀའ་བློན་ཞིག་ལ་དམིགས་བསལ་ཛ་དྲག་གཞུང་དོན་གལ་ཆེ་བཀའ་ཤག་གི་བཀའ་འཁྲོལ་ཡོད་ན་མ་གཏོགས་གནང་ལམ་མེད་བཞིན་གནང་སྟེ། རྒྱ་ཆེ་མི་མང་ཡོངས་སུ་བློ་ཕམ་དུ་བཅུག

གསུམ། མཚན་དམས་ཞུས་རིགས་ལ་གདོང་ལེན་བྱེད་རྒྱུ་བཀའ་ཤག་གི་རྩ་བའི་ལངས་ཕྱོགས་དང་ཐུགས་འགན་ཡིན་པ་བཀའ་ཤག་གི་ཐག་གཅོད་ཡོད་བཞིན། བཀའ་ཤག་གི་བཀའ་འཁྲོལ་དང་། ཁུངས་ལུང་གཞན། ཁྲིམས་མཐུན་བརྒྱུད་རིམ་བཅས་གང་ཡང་མེད་པར་རང་གི་ལས་ཁུངས་དང་ལས་གནས་ཀྱི་མགོར་བླངས་པ།

བཞི། ཁྲིམས་མཐུན་ནམ་ཁྲིམས་ཀྱི་དབང་བསྒྱུར་གྱི་ཕྱག་ལས་གནང་ཕྱོགས་ཀྱི་གོམས་གཤིས་དང་མིག་དཔེ་ཡལ་བར་དོར་ནས། རང་སྣང་གང་དྲན་བྱས་པའི་གསལ་བསྒྲགས་སྔ་རྗེས་སྤེལ་ཏེ་མི་མང་དེ་བས་ཀྱང་ཡིད་ཆད་བཟོས་པ།

ལྔ། མི་མང་ལ་དོན་གནད་རང་ལས། ལས་དོན་བྱ་རིམ་ཁྲིམས་མཐུན་མ་གནང་བ་ཟུར་ཙམ་ཡང་དགོངས་སེལ་ནང་འཁོད་མེད་པ་ནི་ལས་སྣེའམ་བཀའ་བློན་ཞིག་ལ་མཚོན་ན་ཆེས་ཚབས་ཆེར་སོང་། དགོངས་པ་ཞུ་རྒྱུ་ལས་ལམ་ཁ་གཞན་མི་འདུག་ན། བཟང་སྤྱོད་ལྡན་པའི་ངང་དགོངས་པ་ཞུ་རོགས།།

བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་བཅའ་ཁྲིམས་དང་སྒྲིག་གཞིས་སྐུར་པའི་ལས་འགན་བཞིན། ༢༠༢༠ ཟླ་ ༥ ཚེས་ ༣༡ རེ་གཟའ་ཉི་མའི་ཉིན་ཕུལ།།

བསྐྱར་བཅོས།: ༢༠༢༠/༠༥/༣༡

Leave a Reply

21 thoughts on “ཆོས་རིག་བཀའ་བློན་ནས་དགོངས་པ་ཞུ་དགོས་ཀྱི་འདུག

  1. བོད་མི་མང་སྤྱི་འཐུས་སྐོུ་བློ་བཟང་ཆོས་འབྱོར་ལགས། ཁྱེད་ནས་གནང་བའི་ཕྱག་བྲིས་དང་དོན་མཚན་རྣམས་ལ་རྒྱབ་སྐྱོ་བརྒྱ་ཆ་རྒྱ་ཐམ་པ་ཡོད། འོན་ཀྱང་ཁོང་གི་གན་སྟངས་ལ་ལྟས་ནས་ཁོང་སྲིད་སྐྱོང་མི་ངན་ཁོས་ཇུས་ངན་འོག་ཏུ་ཚུད་པ་ལྟ་བུ་སྣང་གི་འདུག དཔེར་ན་དེ་སྔོན་སྐོུ་ཚོགས་ཟུར་མཆོག་གནས་དབྱངས་གཏོང་སྐབས་ཡང་སྲིད་སྐྱོང་གི་ཐེངས་འགའ་ཁོང་བེད་སྤྱོད་གནང་སོང་བ་ད་རེས་ཡང་དེ་འདྲ་རང་མཐོང་གི་འདུག ཆོས་རིག་བཀའ་བློན་ཁོང་ཐུགས་ཁག་མེད་པ་ལྟ་བུ་མཐོང་སོང་། སྲིད་སྐྱོང་མི་ངན་ཁོ་རང་གཙང་མ་བཟོས་གཞན་བཀའ་བློན་ཆུའི་ནང་གཡུགས་སོང་། མི་ངན་ཁོ་མར་ཕབ་ཐུབ་ན་དེ་ནི་ཡག་པོ་མེད་འགྲོ་སྙམ།

  2. རྣམ་པར་སུན་འབྱིན།

    ཐེ་ལན་བོད་སོག་ལས་ཁུངས་དང་རྒྱ་མར་གུང་ཏང་གི་པེད་ཤག་ཚོད་མེད་བླངས་པའི་སྦིར་ཨོ་རྒྱ་སྟོབས་རྒྱལ། ཁམས་པ་མི་མང་གི་བྱས་རྗེས་ནག་པོ་བཟོ་མི། ངོ་ལོག ཇག་པ་ཇག་རྐྱང་། ཁྲམ་པའི་ལས་ཀ་རང་བྱེད་མཁན་དེ་ཤི་ཁར་ཆོས་སྐྱོང་སྲུང་མས་ཆད་པ་དྲག་པོ་བཅད། རང་མདོག་མར་ཇེན་དུ་ཕུད་པར་བཀའ་དྲིན་ཆེ་དང་། དགའ་བ་ལ་ཞུ་ཡ་ཡིན། ཀར་དགེ་དང་བློ་སེང་གིས་བོད་མི་མང་གི་སྒྲིག་འཛུགས་མཚན་ཤས་བཟོས་པ་ནམ་ཡང་ལས་འབྲས་ཀྱིས་ཐ་བ་གཏོང་གི་མ་རེད། གཟིགས་ཨ། སྲུང་མ་མར་ནག་མཁྱེན་་་་

    1. རྣམ་པར་སུན་འབྱིན་མིང་དོན་མཚུངས་པ་བཞིན་སྲུང་མ་དམར་ནག་གི་འཕྲིན་ལས་ཡོད་ན་རྒྱ་དམར་སྒང་ལ་རྒྱག་དགོས་རེད།ཁྱོད་རྒྱལ་བ་ཡིད་བཞིན་ནོར་བུའི་དབུ་འཁྲིད་པའི་གཞུང་གི་སྲིད་སྐྱོང་དང་ཆོས་དོན་བཀའ་བློན་ལ་མ་དགའ་ནས་ཁྟྱོད་རང་གི་ཁྲག་དོག་དོག་རེད་ཡོད་ས་རེད་པས་སྲུང་མས་ཆད་པ་ཁྱོད་ལ་ཕོག་དགོས་ཡ་ཁྲག་རླུང་ཕོག་འདུག་པས་ད་གས་ཆོག་པ།
      ཐེ་ལན་ལ་བོད་དོན་ཚོགས་པ་ཡོད་ཟེར་མཁན་ཁྱོད་མ་གཏོགས་གོ་མ་མྱོང་།
      ལྐུག་ནག་ཁྱོད་གང་ཡང་མི་ཤེས་ཡི་གེ་མ་དག་པ་དོན་ནོར་བ་ཁྱོད་ངོ་ཚ་བ་ལ།

  3. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་

    གཡོ་ཅན་སྐབས་འཚོལ་རིང་ལུགས་ལ་སྤྲིངས་།

    ༄། ཧ་ཅང་གཡོ་རྒྱུ་མང་དྲགས་ན་། རེ་ཞིག་གྲུབ་ཀྱང་མཐའ་མར་བརླག་། གཟིགས་ལྤགས་བཀབ་པའི་བོང་བུ་ཡིས་། ལོ་ཏོག་ཟོས་མཐར་གཞན་གྱིས་བསད་།
    ཞེས་པའི་ཚིགས་བཅད་དང་དོན་འབྲས་སྔོན་དུ་བཏང་ནས་མདོ་སྨད་སྤྱི་འཐུས་མིང་ཙམ་ཁུར་མཁན་མཐའ་ཤལ་བ་ཤར་ཕྱོགས་བལྐུགས་རྡ་ནི་འདས་པའི་ལས་རྒྱུན་གཉིས་ཙམ་ལྷག་རིང་ལ་དུས་དང་རྣམ་པ་ཀུན་ཏུ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་དང་ལྷག་པར་དུ་འཛིན་སྐྱོང་བཀའ་ཤག་ལ་དངོས་ཤུགས་བརྒྱུད་གསུམ་སྒོ་ནས་གཞི་མེད་རྐྱོན་བརྗོད་དང་ཟུར་ཟ་དམའ་འབེབས་སོགས་ཐབས་ཤེས་ཡོད་དགུ་རྩལ་དྲུག་བྱས་དང་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་པ་མ་ཟད་ ཉེ་ལམ་སྤྱི་ཟུར་ཨོ་རྒྱན་སྟོབས་རྒྱལ་གིས་༧གོང་ས་མཆོག་མཚན་རྨད་ཞུས་པའི་གནད་དོན་ལ་ཁག་སྐྲིས་ཀྱིས་དཔལ་ལྡན་ཆོས་རིག་བཀའ་བློན་སྐུ་ཞབས་ཀརྨ་དགེ་ལེགས་གཡུ་ཐོག་མཆོག་ལ་ཀླ་ཀློས་བྱ་སྤྱོད་ལས་ངན་པའི་གཞི་མེད་བསྐུར་འདེབས་དང་བཀའ་བློན་ལས་སྣེ་ནས་དགོངས་དགོས་པའི་ངུ་འབོད་བྱས་ཡོད་། དཔལ་ལྡན་ཆོས་རིག་བཀའ་བློན་སྐུ་ཞབས་ཀརྨ་དགེ་ལེགས་ལགས་ལ་ཆ་མཚོན་ན་། དགེ་སློང་ཚུལ་དང་ལྡན་པ་བདག་ལས་གཞན་གཅེས་པར་འཛིན་པ་ མི་ཚེ་ཧྲིལ་པོ་༧གོང་ས་མཆོག་གིས་བཀའ་དགོངས་བཞིན་བོད་གཞུང་མང་གཉིས་ཀྱི་ཞབས་འདེགས་ཐེམ་པ་རིམ་འཛེགས་ཀྱིས་ཞི་དུལ་བག་ཕེབས་དྲང་ཚུགས་དང་ལྡན་པའི་སྒོ་ནས་ཅི་གསུངས་བཀའ་བསྒྲུབ་ཞུས་དང་ཞུ་བཞིན་པའི་སྐྱེ་བོ་ཚད་དང་ལྡན་པ་ཞིག་ཡིན་པ་དངོས་ར་སྤྲོད་ཐུབ་།

    “ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་། བྱང་ཆུབ་སེམས་པ་རྣམས་ལ་སྐུར་བ་བཏབ་། དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས་།” ཟེར་ནས་ཚུལ་མཐུན་བག་ཡོད་དང་འགྱོད་སེམས་དྲག་པོའི་སྒོ་ནས་་དགོངས་སེལ་ཞུ་དགོས་ཡོད་།
    ལར་ནས་ཁྱོད་རང་མདོ་སྨད་མི་མང་ནས་༧གོང་ས་མཆོག་དང་ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་འབངས་རྣམས་ལ་རོགས་འདེགས་དང་ཕན་ཐོག་བཅས་རང་ནུས་གང་ལྕོགས་ལྷག་བསམ་དང་རྣ་སྐྱེལ་མཐོ་འཛུགས་ཐོག་དམ་འབུལ་ཞུས་པའི་བོད་མི་མང་སྤྱི་འཐུས་ཞིག་ཡིན་དགོས་ཀྱང་ཁྱེད་ཀྱིས་དེ་ལས་མདོགས་སྟེ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་མཁན་བསྣན་དགྲ་རྒྱ་དམར་གྱི་རྒྱལ་དར་དམར་པོ་དེ་ལག་ལ་འཕྱར་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ཁྲོམས་གཞུང་ནང་འདུར་ཡོད་པ་མ་ཟད་རྒྱ་ནག་གཞུང་གི་མི་སྣ་དང་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་ལ་འབྲེལ་བ་དང་མཉམ་ཟ་མཉམ་འཐུང་བྱ་མཁན་བོད་མི་མང་སྤྱ་འཐུས་དང་པོ་དེ་ཆགས་ཡོད་སྟབས་ཁྱེད་རང་༧གོང་ས་མཆོག་དང་བསྟན་བསྲུང་དམར་ནག་མདུན་དང་མདོ་སྨད་མི་མང་ལྷག་པར་བོད་མི་ས་ཡ་དྲུག་གི་མདུན་ལ་འགྱོད་སེམས་དྲག་པོའི་དགོངས་དག་ཞུས་ནས་བོད་མི་མང་སྤྱི་འཐུས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་པས་དེ་དོན་ཡིད་འཇགས་གྱིས་།།།

    1. རྡོ་རྗེ་སྒྲོལ་མ་

      ཇོ་མཐུ་སྟོབས་ལགས་གིས་གསུངས་པ་དེ་དེ་བཞིན་ནོ།
      མདོ་སྨད་སྤྱི་འཐུས་རྒྱ་མིའི་རྒྱུག་ཕྲུག་འདྲ་བོ་དེ་མཐོང་བ་ཙམ་གྱི་ཡ་མ་རླང་གི་འདུག

    2. ཚེ་བརྟན་འགྱུར་མེད།

      བོད་མི་མང་སྤྱི་འཐུས་ཞིག་ཡིན་དགོས་ཀྱང་ཁྱེད་ཀྱིས་དེ་ལས་མདོགས་སྟེ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་མཁན་བསྣན་དགྲ་རྒྱ་དམར་གྱི་རྒྱལ་དར་དམར་པོ་དེ་ལག་ལ་འཕྱར་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ཁྲོམས་གཞུང་ནང་འདུར་ཡོད་པ་མ་ཟད་རྒྱ་ནག་གཞུང་གི་མི་སྣ་དང་འཐབ་ཕྱོགས་གཅིག་གྱུར་མི་སྣ་བཅས་ལ་འབྲེལ་བ་དང་མཉམ་ཟ་མཉམ་འཐུང་བྱ་མཁན་བོད་མི་མང་སྤྱ་འཐུས་དང་པོ་དེ་ཆགས་ཡོད་སྟབས་ཁྱེད་རང་༧གོང་ས་མཆོག་དང་བསྟན་བསྲུང་དམར་ནག་མདུན་དང་མདོ་སྨད་མི་མང་ལྷག་པར་བོད་མི་ས་ཡ་དྲུག་གི་མདུན་ལ་འགྱོད་སེམས་དྲག་པོའི་དགོངས་དག་ཞུས་ནས་བོད་མི་མང་སྤྱི་འཐུས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་པས་དེ་དོན་ཡིད་འཇགས་གྱིས་།

      གོང་གི་གནས་དོན་འདི་བདེན་པ་ཡིན་ན་མདོ་སྨད་མི་དམངས་ནས་སྤྱི་འཐུས་བློ་བཟང་ཆོས་འབྱོར་དེ་ལྟར་འཇོག་ཕད་དམ། བ་དེའི་ཉལ་སྟངས་ལ་བལྟས་ན་བེའུ་རྐེ་ཀྱོག་ཀྱོག་ཞིག་སྐྱེས་ས་རེད་ཟེར་བ་དེ་འདྲ་པོ་མིན་འདུག་གས། ཁྱེད་བོད་གཞུང་གངས་ཅན་སྐྱིད་གཤོངས་འཁོར་དུ་ཡོད་པས་གྲོས་ཚོགས་ནང་སྐད་ཆ་ཤོད་ལམ་ཡོད་མཁན་གྱིེས་དམངས་གཙོའི་ཐོབ་ཐང་ཁ་ལ་འཁྱེར་ནས་ཆོལ་གསུམ་དཀྲུག་དཀྲུག་གཏོང་བའི་འཆད་རྩོམས་དང་བོད་རྒྱ་ཆེས་མི་མང་གི་འདེམས་པའི་གཞུང་ལ་རྒྱུན་དུ་འཆད་སྨོད་ཞུ་མཁན་གྱི་གསར་ལམ་འདི་རྐེ་ལ་བཏགས་དགོས་དོན་ཅི་ཡིན་ནམ།

      མེ་ཏོག་གངས་ལ་བབས་པའི་ལྷ་སྐལ་༸གོང་ས་མཆོག་ལ་སྨད་པ་ཞུ་མཁན་ལ་གདོང་ལེན་ཞུ་རྒྱུ་ཆོལ་གསུམ་བོད་མིས་ལས་འགན་ཡིན། དེ་ལྟར་ཞུ་མུས་སུ་འདུག ཁྱེད་ཀྱིས་རྩ་བ་དེ་ཕར་བཞག་ནས་ཡལ་ག་ལ་དམ་འཛིན་ཅིའི་ཕྱིར་བྱེད། དེ་ཡང་དོ་བདག་ནས་སྐྱོན་ནོར་གང་བྱུང་ལ་ངོས་ལེན་ཞུས་འདུག ཁྱེད་རང་སྤྱི་འཐུས་ཡིན་པས་གཞུང་དང་སྒེར་གྱི་ལས་དོན་ཞུ་ཕྱོགས་སུ་བར་ཁྱད་ཆེན་པོ་ཡོད་པ་མི་ཤེས་སམ།