མགོ་ལོག་ཁུལ་ཡོངས་ཀྱི་དབུལ་སྐྱོབ་མཚམས་འཇོག་བྱེད་ཀྱི་འདུག

་མགོ་ལོག་ཁུལ་ཡོངས་ཀྱི་གྲོང་བརྡལ་ཅན་དུ་བསྒྱུར་བའི་འབྲོག་པ་མང་ཚོགས་ཀྱི་དབུལ་སྐྱོབ་ཟེར་བ་མཚམས་འཇོག་བྱས་ཏེ་རྩྭ་ས་གཞུང་བཞེས་གཏོང་གི་ཡོད་འདུགརྒྱ་ནག་དམངས་ཆེན་གྱི་ཚོགས་ཆེན་ཐོག་མགོ་ལོག་ཁུལ་གྱི་མང་ཚོགས་ཉམ་ཐག་གི་གནས་ལས་ཐར་ཡོད་སྐོར་གྱི་བྱ་བའི་སྙན་ཞུ་ཟེར་བ་སྒྲོག་སྦྱངས་བྱས་ཏེ། མགོ་ལོག་ཁུལ་ཡོངས་ཀྱི་ནང་རྒྱ་ནག་གཞུང་གིས་གྲོང་བརྡལ་ཅན་དུ་བསྒྱུར་བའི་མང་ཚོགས་ལ་འཚོ་བའི་རོགས་རམ་མཚམས་འཇོག་དང་རྩྭ་ས་གཞུང་གཞེས་གཏང་རྒྱུའི་ཐག་གཅོད་བྱས་ཡོད་སྟབས། འབྲོག་པ་མང་ཚོགས་ཀྱི་རང་ས་ཤོར་ཞིང་འཚོ་བར་དཀའ་ངལ་འཕྲད་ཉེན་ཡོད་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་བའི་སྲིད་བྱུས་འོག མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་གྲོང་ཚོ་རུ། ཕྱི་ལོ་ ༢༠༡༡ ལོར་འབྲོག་པ་དུད་ཚང་ ༣༢༠༠ ཙམ་ཞིག་གྲོང་བརྡལ་ཅན་དུ་བསྒྱུར་བ་རུ་ཁག་དྲུག་ལ་བགོས་ཡོད་པ་དང་། དེ་དག་ད་བར་རྒྱ་ནག་གཞུང་གིས་འཚོ་བའི་སྐྱོབ་གསོ་ལ་རྟེན་ནས་འཚོ་བཞིན་ཡོད་ཀྱང་ད་ཆ་ཁོ་ཚོ་དབུལ་པོའི་གནས་ལས་སྒྲོལ་ཟིན་པ་དང་དཀའ་ངལ་མེད་པས་འཚོ་བའི་རོགས་རམ་བྱེད་མཚམས་འཇོག་རྒྱུ་མ་ཟད། ཁོ་ཚོའི་འབྲོག་ས་རྣམས་ཀྱང་སྲིད་གཞུང་གིས་ཡོངས་སུ་གཞུང་བཞེས་གཏང་རྒྱུ་ཡིན་སྐོར་བརྗོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས། རྒྱ་ནག་དམངས་ཆེན་འཐུས་མིའི་ཚོགས་ཆེན་དེ་མ་འཚོག་སྔོན་ནས་ས་ཁུལ་དེའི་འབྲོག་པ་གྲོང་བརྡལ་ཅན་དུ་གྱུར་བའི་མང་ཚོགས་རྣམས་འཚོ་བའི་དཀའ་ངལ་ལས་གྲོལ་ཟིན་པ་དང་ད་ནས་རོགས་རམ་བྱེད་རྒྱུ་མཚམས་འཇོག་བྱ་རྒྱུ་དང་། ཚོགས་ཆེན་རྗེས་སུ་འབྲོག་པའི་ས་ཆ་ཡོངས་རྫོགས་གཞུང་བཞེས་གཏང་རྒྱུ་ཡིན་སྐོར་ཚོགས་ཆེན་ཐོག་སྒྲོག་སྦྱངས་བྱས་ཡོད་འདུག   ཡིན་ན་ཡང་དོན་དངོས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་གཞི་དེ་ཚགས་ཚུད་བྱུང་མེད་པར་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཡོད་མུས་ཡིན་འདུག

འབྲོག་པ་རྣམས་གྲོང་བརྡལ་ཅན་དུ་བསྒྱུར་རྗེས་རྒྱལ་ཁབ་ནས་ཟ་རྒྱུ་དང་འཐུང་རྒྱུ་སྤྲོད་ཐུབ་ཀྱི་ཡོད་པ་དེ་བདེན་པ་ཡིན་ཡང་། འབྲོག་པ་རྣམས་གྲོང་བརྡལ་དུ་བསྒྱུར་རྗེས་ཁོ་ཚོས་གྲོང་བརྡལ་གྱི་ལས་རིགས་མི་ཤེས་པ་དང་འཚོ་སྣོན་སྤྲོད་མཚམས་བཞག་པ། རང་གི་རྩྭ་ས་དེ་ཡང་གཞུང་བཞེས་བཏང་བར་བརྟེན་ཁོ་ཚོར་འཚོ་བའི་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་སེམས་ཁྲལ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ།

བསྐྱར་བཅོས།: ༢༠༢༠/༠༥/༣༡

Leave a Reply